གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལས་བྱེདཔ་༢༢ ཀྱིས་ རྒྱལ་ཡོངས་གནས་ཚད་ཐེངས་༢ པའི་ ལེགས་ཐོན་ལག་ཁྱེར་ཐོབ་ཡོདཔ།

༢༧/༡༠/༢༠༡༢   ༉ ཁ་ཙ་ འབྲུག་གློག་མེ་ལས་འཛིན་གྱི་ གློག་མེ་ཚད་སྤེལ་དང་ རྒྱུད་ཐག་བཀྲམ་སྤེལ་གྱི་ ལཱ་འགན་འབག་མིའི་ནང་ མཐར་འཁྱོལ་བྱུང་མི་ མི་གྲངས་༢༢ ལུ་ རྒྱལ་ཡོངས་ལེགས་ཐོན་གནས་ཚད་ཐེངས་༢ པའི་ ངོས་འཛིན་ལག་ཁྱེར་ཚུ་ ལས་གཡོག་ལྷན་ཁག་གིས་ གནང་ཡི།
ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ ལཱ་འགན་མཐར་འཁྱོལ་བྱུང་མི་ཚུ་ལུ་ གསུངས་བཤད་གནང་པའི་བསྒང་།


དེ་ཡང་ འབྲུག་གློག་མེ་ལས་འཛིན་གྱིས་ གློག་མེ་ཚད་སྤེལ་དང་ རྒྱུད་ཐག་གི་ ལཱ་འགན་འབག་སྟེ་ལཱ་འབད་མི་ཚུ་གི་དོན་ལུ་ ལས་རིམ་ཅིག་བརྩམས་ཡོདཔ་བཞིན་དུ་ ལས་གཡོག་ལྷན་ཁག་གིས་ དེ་ལུ་ངོས་ལེན་མཛད་དེ་ ཆ་རོགས་དང་ རྒྱབ་སྐྱོར་ དེ་ལས་ ལྷན་ཁག་གི་ སྲིད་བྱུས་དང་ སྒྲིག་གཞི་དང་མཐུནམ་ལས་ ལཱ་འགན་གནས་ཚད་ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་ལས་ ཞིབ་དཔྱད་དང་ བརྟག་དཔྱད་ཚུ་ཞིབ་པར་འབད་དེ་ རྒྱལ་ཡོངས་གནས་ཚད་ཐེངས་༢ པའི་ལག་ཁྱེར་གནངམ་ཨིན་པས།
བཟོ་རིག་ལག་རྩལ་གནས་ཚད་མདོ་ཆེན་ བསོད་ནམས་རིན་ཆེན་གྱིས་ གསལ་བཤད་འབད་མིའི་ནང་ འབྲུག་གློག་མེ་ལས་འཛིན་གྱི་ གློག་མེ་ཚད་སྤེལ་དང་ རྒྱུད་ཐག་བཀྲམ་སྤེལ་གྱི་ལས་དོན་ནང་ ལཱ་འབད་མི་ཚུ་ལུ་ ངོས་ལེན་འབད་དེ་ ལག་ཁྱེར་ གནང་དགོ་མིའི་དམིགས་དོན་དེ་ཡང་ རང་གི་ལག་རྩལ་དང་ རིག་རྩལ་ དེ་ལས་ ཡོན་ཏན་ཡར་དྲག་གཏང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
དེ་མ་ཚད་ མི་ངོ་རང་སོའི་ རིག་རྩལ་དང་ ལྕོགས་གྲུབ་ལེགས་ཤོམ་བཟོ་ཐོག་ལས་ གཞུང་དང་སྒེར་སྡེ་ ལས་སྡེ་ དེ་ལས་ བཟོ་གྲྭ་འཕྲུལ་ཁང་ ག་ཏེ་འབད་རུང་ ལཱ་གི་སྤུས་ཚད་ལེགས་ཤོམ་བཏོན་ཚུགས་ཐབས་ལུ་དང་ ལཱ་ནང་ འབྲེལ་གཏོགས་འབད་ཞིནམ་ལས་ འབྲུག་གློག་མེ་ལས་འཛིན་དང་ འབྲེལ་ཡོད་ལྷན་ཁག་ལུ་ ལཱ་གི་སྤུས་ཚད་མིན་འདུག་ཟེར་བའི་ སྐྱོན་བརྗོད་སྤང་ཐབས་ལུ་ ཨིན་ཟེར་ ཨིན་པས།
ཧེ་མ་ ཤེས་ཡོན་སྦོམ་སློབ་སྦྱོང་འབད་མ་ཚུགས་རུང་ རྒྱལ་ཡོངས་གནས་ཚད་༢ པའི་ ལེགས་ཐོན་ལག་ཁྱེར་གནང་མི་ལུ་བརྟེན་ འཕྲོ་མཐུད་ཤེས་ཡོན་དང་ སྦྱོང་བརྡར་ཚུ་འབད་བཅུག་སྟེ་ ཧེ་མ་ སློབ་རིམ་༡༠ པ་ལས་ སློབ་སྦྱོང་འབད་ནིའི་གོ་སྐབས་མེད་རུང་ ད་རེས་ རྒྱལ་ཡོངས་ལག་ཁྱེར་གནས་ཚད་ཐོབ་མི་ལུ་བརྟེན་ གཙུག་ལག་འོག་མའི་ཤེས་ཡོན་དང་ གཙུག་ལག་མཐོ་རིམ་ཤེས་ཡོན་ དེ་ལས་ མཁས་མཆོག་གི་ཤེས་ཡོན་ནང་གོ་སྐབས་འཐོབ་ཐབས་ལུ་ ཨིན་ཟེར་སླབ་ཨིན་པས།
ལཱ་འགན་གནས་ཚད་ལས་ཁུངས་ལས་ བརྟག་ཞིབ་དང་ལག་ཁྱེར་ལས་ཚན་གྱི་ ལས་རིམ་གཙོ་འཛིན་ངོ་ཚབ་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མི་དང་འཁྲིལཝ་ད་ སྔོན་སྦྱང་ལག་རྩལ་ངོས་འཛིན་འབད་ནིའི་ལམ་ལུགས་དེ་ སྤྱི་ལོ་༢༠༡༠ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༡ སྤྱི་ཟླ་༡༠ པའི་ནང་ ས་བརྐོ་འཕྲུལ་གླང་གི་ ལཱ་འབད་མི་ཚུ་ལུ་ འགོ་ཐོག་ རྒྱལ་ཡོངས་ གནས་ཚད་༡ པའི་ ལེགས་ཐོན་ལག་ཁྱེར་གནང་པའི་ཤུལ་ལུ་ ད་རེས་ འབྲུག་གློག་མེ་ཚད་སྤེལ་དང་ རྒྱུད་ཐག་གི་ འགན་འཁྲི་འབག་མི་ཚུ་ལུ་ ངོས་འཛིན་འབད་མི་དེ་ ཐེངས་༢ པ་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ འབྲུག་གློག་མེ་ལས་འཛིན་གྱིས་ གློག་མེ་ཚད་སྤེལ་དང་ རྒྱུད་ཐག་གི་འགན་འཁྲི་ཧྲིལ་བུམ་འབག་མི་༨༠༠ ལྷགཔ་ཅིག་ཡོད་མི་ལས་ ད་རིས་ ཐིམ་ཕུ་དང་ སྤ་རོ་ དེ་ལས་ ཧཱ་རྫོང་ཁག་ཚུ་ནང་ ལཱ་འབད་མི་ཚུ་གིས་ ལཱ་འགན་ག་ཅི་འབད་རུང་ ལྕོགས་གྲུབ་ཅན་དང་ ཤེས་ཡོན་ཅན་ དེ་ལས་ རིག་རྩལ་ཡོད་མེད་ཀྱི་ ཆོས་རྒྱུགས་ནང་ མི་གྲངས་༢༥ གིས་ བཅའ་མར་གཏོགས་ཡོད་པའི་གྲས་ལས་ མི་གྲངས་༢༢ ཀྱིས་ མཐར་འཁྱོལ་བྱུང་ཡོདཔ་ཨིན་ཟེར་ གསལ་བཤད་འབད་ཡི།
འབྲུག་གློག་མེ་ལས་འཛིན་མདོ་ཆེན་གྱིས་འབད་བ་ཅིན་ འབྲུག་གློག་མེ་ལས་འཛིན་ནང་ ཤེས་ཡོན་སྦོམ་སྦེ་ ལྷབ་མ་ཚུགས་མི་དང་ ཤེས་ཡོན་མེད་མི་ བསྡོམས་ཀྱིས་ མི་གྲངས་༢༨༠ དེ་ཅིག་གིས་ གློག་མེ་ཚད་སྤེལ་དང་  རྒྱུད་ཐག་བཀྲམ་སྤེལ་སྡེ་ཚན་ནང་ ལཱ་འབད་དོ་ཡོདཔ་ད་  ད་རིས་ ལས་འཛིན་གྱིས་ ལས་འགུལ་གྱི་འཆར་གཞི་བརྩམས་བཞིན་དུ་ ལས་གཡོག་ལྷན་ཁག་གིས་ ངོས་འཛིན་མཛད་ཡོདཔ་ལས་ ཁོང་གི་ཤེས་ཡོན་ཡར་དྲག་གཏང་ནི་ལུ་ གོ་སྐབས་སྦོམ་ཐོབ་ཚུགས་མི་གིས་ རེ་དོན་གྲུབ་ཅི་ཟེར་ སླབ་ཨིན་པས།
བརྟག་ཞིབ་དང་ལག་ཁྱེར་ལས་ཚན་ལས་ ལས་རིམ་གཙོ་འཛིན་ངོ་ཚབ་ རྡོ་རྗེ་དབང་འདུས་ཀྱིས་ རྒྱལ་ཁབ་ནང་ཡོད་མི་ག་ར་ལུ་ ཆོས་རྒྱུགས་ལེན་ཐོག་ལས་ རྒྱལ་ཡོངས་ལག་ཁྱེར་གནས་ཚད་ སྤྲོད་མ་ཚུགས་ཟེར་ཨིནམ་ད་ དེ་ཡང་ འབྲུག་གློག་མེ་ལས་འཛིན་གྱི་ གློག་མེ་ཚད་སྤེལ་དང་ རྒྱུད་ཐག་བཀྲམ་སྤེལ་སྡེ་ཚན་ནང་ ལཱ་འབད་མི་ཚུ་ལུ་ བྱ་སྟབས་མ་བདེ་བའི་དཀའ་ངལ་སྦོམ་ཡོད་རུང་ གོ་སྐབས་དེ་ འདྲ་མཉམ་སྦེ་ར་བྱིན་འོང་ཟེར་ཨིན་པས།
སྐུ་མགྲོན་གཙོ་བོ་ མི་རྗེ་ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ གསུངས་མིའི་ནང་ རྒྱལ་ཡོངས་གནས་ཚད་༢ པའི་ ལེགས་ཐོན་ལག་ཁྱེར་ཐོབ་ཡོདཔ་ལས་ ད་རིས་ལས་འགོ་བཙུགས་ ཁྱེད་ཆ་ཁྱབ་ མི་མ་འདྲཝ་ཅིག་ལུ་ གྱུར་སོང་ཡི་ཟེར་ཨིནམ་ད་ དེ་ཡང་ མི་ལྕོགས་གྲུབ་ཅན་གྱི་གྲངས་སུ་ཚུདཔ་ལས་ གཞུང་དང་སྒེར་ ལས་འཛིན་ དེ་ལས་ བཟོ་གྲྭ་འཕྲུལ་ཁང་ཚུ་ལས་ ངོས་ལེན་སྦོམ་འབད་འོང་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ མི་སྡེ་དཔལ་འབྱོར་ཡར་དྲག་དང་ མི་སྟོབས་མ་ལང་པའི་དཀའ་ངལ་ དེ་ལས་ ཕྱི་རྒྱལ་ཁབ་ནང་ལས་ ལས་མི་སྟོང་ཕྲག་ལས་བཅད་དེ་ འོང་དོ་ཡོད་མི་ཚུ་ཡང་རིམ་གྱིས་སྦེ་ མར་ཕབ་འབད་ཚུགས་པའི་ འོས་འབབ་ཡོདཔ་བཞིན་དུ་ གཞུང་དང་རྒྱལ་ཁབ་ཀྱི་སྲིད་བྱུས་དང་ སྒྲིག་གཞི་དང་མཐུནམ་སྦེ་ ལས་གཡོག་ལྷན་ཁག་གིས་ འགོ་འདྲེན་འཐབ་ཅི་ཟེར་ གསུངས་ཡི།
རྒྱལ་ཡོངས་གནས་ཚད་༢ པའི་ ལེགས་ཐོན་ལག་ཁྱེར་ནང་ མི་གྲངས་༢༢ ཡོད་མི་ལས་ གཅིག་ཨམ་སྲུ་ཨིནམ་ད་ མོ་གིས་ སླབ་མི་དང་འཁྲིལཝ་ད་ ལས་འཛིན་དེ་ནང་ ལཱ་འབད་དེ་ལོ་ངོ་༨ ལང་རུང་ ད་རེས་མ་གཏོགས་ དེ་བཟུམ་གྱི་ གོ་སྐབས་མ་ཐོབ་ཟེར་ཨིན་པས།
ལས་རིམ་ནང་བཅའ་མར་གཏོགས་མི་ཚུ་གིས་  གཞུང་དང་མི་སེར་ དེ་ལས་ ལས་འཛིན་ཚུ་ནང་ ལྕི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ཕྱག་ཞུ་སྟེ་ མི་ཚེ་མཐར་འཁྱོལ་ཅན་ཅིག་བཟོ་ཚུགས་པའི་རེ་བ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment