གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་ དགོངས་ཞུ་མ་འབད་བར་ ལོག་བཙག་འཐུ་ནང་ བཅའ་མར་གཏོགས་ནི་དེ་ འོས་འབབ་འདུག་ག?

༢༧/༡༠/༢༠༡༢   ༉ ད་རེས་གནས་སྐབས་ཅིག་ འབྲུག་གི་ རྒྱལ་ཡོངས་ཚོགས་སྡེ་དང་པའི་འཐུས་མི་ཚུ་ ལོག་ཚོགས་སྡེའི་ ས་གོ་དོན་ལུ་ བཙག་འཐུ་ནང་ ལོག་བཅའ་མར་གཏོགས་ཆོག་མི་ཆོག་གི་ཐད་ཁར་ བཀའ་རྒྱ་གཏན་འཁེལ་ཅིག་མེད་པའི་གནས་སྟངས་ནང་ ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་ནི་ཨིན་མི་ འདེམས་ངོ་གསརཔ་ཚུ་གི་དོན་ལུ་ འཐུས་མི་རྙིངམ་ཚུ་མེད་པ་ཅིན་ སེམས་དགའ་ནི་ཨིན་པས།


ད་ལྟོ་གི་ ཚོགས་སྡེའི་འཐུས་མི་ཚུ་ བཙག་འཐུ་ནང་ ལོག་བཅའ་མར་གཏོགས་ཆོག་པའི་ཐད་ཁར་ གོ་བ་ཁག་སོ་སོ་ཡོད་པའི་ནང་ལས་ ཚོགས་སྡེའི་འཐུས་མི་ ཁོང་ར་གིས་འབད་བ་ཅིན་ ལོགས་སུ་དགོངས་ཞུ་འབད་མ་དགོ་པར་ བཙག་འཐུ་ནང་ བཅའ་མར་གཏོགས་བཅུག་རུང་ བཏུབ་ནི་མས་ཟེར་སླབ་ཨིན་རུང་ བཙག་འཐུ་ལྷན་ཚོགས་ཀྱིས་འབད་བ་ཅིན་ ཟླཝ་༣ གྱི་ཧེ་མ་ལས་ དགོངས་ཞུ་འབད་དགོ་པའི་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ ཚོགས་སྡེའི་བཙག་འཐུ་ནང་ འབྲེལ་གཏོགས་འབད་ནིའི་ དང་འདོད་ཡོད་མི་ འདེམས་ངོ་གསརཔ་ཚུ་གིས་འབད་བ་ཅིན་ ད་ལྟོ་ ཚོགས་སྡེའི་འཐུས་མི་གི་ གོ་གནས་ཁར་ཡོད་མི་ཚུ་ ལོག་བཙག་འཐུ་ནང་ བཅའ་མར་གཏོགས་པ་ཅིན་ གོ་གནས་ཁར་ཡོད་ནི་དེ་གིས་ བཙག་འཐུའི་དོ་འགྲན་ནང་ ཁེ་ཕན་དང་ ལྷན་ཐབས་འབད་བའི་ འོས་འབབ་ཡོད་ཟེར་ཨིན་པས།
དང་འདོད་གསལ་བཀོད་འབད་མི་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་ནི་ཨིན་མི་ འདེམས་ངོ་ཅིག་གིས་ སླབ་མིའི་ནང་ ད་ལྟོ་ གོ་གནས་ཁར་ཡོད་མི་ འཐུས་མི་ཚུ་དང་གཅིག་ཁར་ དོ་འགྲན་འབད་དགོ་པ་ཅིན་ འདྲ་མཉམ་དང་ སྤྱི་སྙོམས་ཐོག་གི་ དོ་འགྲན་གནས་སྟངས་ མེདཔ་འགྱོ་འོང་ཟེར་ཨིན་པས།
དེ་མ་ཚད་ ཚོགས་རྒྱན་བཙུགས་མི་ མང་ཤོས་ཅིག་གིས་ འདེམས་ངོའི་ཁྱད་པར་ནང་ ཉམས་མྱོང་ལུ་ གཙོ་རིམ་བྱིན་ནི་ཨིན་པའི་བསྒང་ལས་ བཙག་འཐུ་ནང་ གསརཔ་བཅའ་མར་གཏོགས་མི་ཚུ་ལུ་ གོ་སྐབས་མེདཔ་འགྱོ་ནི་མས་ཟེར་ཨིན་པས།
ད་རུང་ གཞན་ཅིག་གིས་འབད་བ་ཅིན་ འབྲུག་གི་མི་སྡེ་ནང་ སྟོབས་གོ་ས་དང་ གོ་གནས་ལུ་ ཡིད་ཆེས་བསྐྱེད་མི་མངམ་ཡོདཔ་ལས་ གོ་གནས་ཁར་ཡོད་མི་ འཐུས་མི་ཚུ་ཡང་ བཅའ་མར་གཏོགས་ཆོགཔ་སྦེ་ ཁོང་དང་འགྲན་བསྡུར་འབད་དགོ་པ་ཅིན་ བསྐུལ་བསྒྲགས་སྒྲིང་སྒྲིང་འབད་རུང་ ཁྱད་པར་བཟོ་ཚུགས་པར་ ལཱ་ཁག་འོང་ཟེར་བཤད་ཅི།
དེ་བཟུམ་སྦེ་ དང་འདོད་ཅན་གྱི་ ཚོགས་སྡེའི་འདོམས་ངོ་ཅིག་གིས་འབད་བ་ཅིན་ མ་གཞི་ བཙག་འཐུའི་ལམ་ལུགས་དང་ བྱ་རིམ་ཚུ་ ཁྲིམས་གཞུང་ཚུ་དང་བསྟུན་ཏེ་ དགོཔ་ཨིན་རུང་ ཁྲིམས་གཞུང་ནང་གི་ དོན་ཚན་ཚུ་གི་ གོ་བ་ཚུ་ རང་སོའི་དགོས་མཁོ་དང་བསྟུན་ ཕར་འཐེན་ཚུར་འཐེན་འབད་མི་དེ་ དུམ་གྲ་ཅིག་ བྱ་སྟབས་མ་བདེཝ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་སྡེའི་འཐུས་མི་ཚུ་གིས་ ཁོང་རའི་ ཐབ་ལམ་ཚུ་ བློས་བཏང་མ་ཚུགས་པར་ དགོངས་ཞུ་འབད་མ་དགོ་པར་ བཅའ་མར་གཏོགས་ནིའི་ རྩས་རྐྱབ་མི་དེ་ འདྲ་མཉམ་ཅིག་ མ་མཐོང་ཟེར་ཨིན་པས།
ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཞི་གཡོག་ལས་དགོངས་ཞུ་འབད་མི་ཅིག་གིས་བཤད་མིའི་ནང་ ལཱ་གཡོག་ག་ཅི་ནང་འབད་རུང་ གོ་སྐབས་གཅིག་ལས་གཅིག་ གདམ་ཁ་རྐྱབ་པའི་སྐབས་ ཁེ་ཕན་ལ་ལུ་ བློས་གཏང་དགོཔ་འཐོན་འོང་ཟེར་ཨིནམ་ད་ ཁོ་གིས་ཡང་ ཞི་གཡོག་ནང་ ལོ་༡༠ མ་ཚང་པར་ དགོངས་ཞུ་འབདཝ་ལས་ དགོངས་ཞུའི་ཐོབ་ལམ་ཚུ་ བློས་བཏང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་དོན་ལུ་ ཕན་རླབས་ཅན་གྱི་ས་སྒོ་ནང་གོ་སྐབས་ལེན་ནི་གི་དོན་ལུ་ དེ་བཟུམ་མའི་ཁེ་ཕན་ལ་ལུ་བློས་གཏང་ཚུགསཔ་འབད་དགོ་ཟེར་བཤད་ཅི།
གོ་གནས་ཁར་ཡོད་མི་ ཚོགས་སྡེའི་འཐུས་མི་ཚུ་གིས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོ་གིས་ རྒྱལ་ཡོངས་ཚོགས་སྡེ་དེ་ རྒྱུན་ཆད་མེད་པའི་གཙུག་སྡེ་གཅིག་སྦེ་ རྒྱུན་སྐྱོང་འཐབ་དགོཔ་སྦེ་ གཞི་བཀོད་འབད་ཡོད་རུང་ ཁྲིམས་གཞུང་ག་ཅིའི་ནང་ཡང་ ཚོགས་སྡེའི་རྒྱུན་གནས་ཀྱི་དོན་ལུ་ བཙག་འཐུའི་བྱ་རིམ་བདེ་སྟབས་འགྲིག་འགྲིགཔ་མིན་འདུག་ཟེར་ཨིན་པས།
ཁོང་གི་ གྲོས་འབུལ་དང་འཁྲིལ་བ་ཅིན་ ཚོགས་སྡེའི་རྒྱུན་གནས་ཀྱི་དོན་ལུ་ ཚོགས་འདུའི་མི་ཡོངས་བསྡོམས་ལས་ དཔྱ་༣ ལས་༢ ཀྱིས་ དགོངས་ཞུ་མ་འབད་བར་ འཕྲོ་མཐུད་དེ་ གནས་ཡུན་ལོ་༥ ཚངམ་སྦེ་ ཚོགས་སྡེའི་འགན་འཁྲི་ཐོག་ སྡོད་དགོཔ་ཨིནམ་ད་ འཁྲི་འགན་དེ་ རྒྱུན་གནས་ཀྱི་དོན་ལུ་ འཐུས་མི་ཚུ་ དགོངས་ཞུ་འབད་མ་དགོ་པར་ བཙག་འཐུའི་ནང་ བཅའ་མར་གཏོགས་དགོཔ་འདུག་ཟེར་ཨིན་པས།
ཚོགས་སྡེའི་འཐུས་མི་ ལ་ལུ་གིས་འབད་བ་ཅིན་ བཙག་འཐུའི་བཅའ་ཁྲིམས་ཀྱི་དོན་ཚན་༣༠༠ པ་དང་འཁྲིལཝ་ད་ འཐུས་མི་ཚུ་ དགོངས་ཞུ་འབད་མ་དགོ་པར་ བཙག་འཐུ་ནང་ བཅའ་མར་གཏོགས་ཆོག་པས་ཟེར་ བཤདཔ་ཨིན་པས།
དེ་ཡང་ བཅའ་ཁྲིམས་དེ་གི་དོན་ཚན་༣༠༠ པའི་ནང་གསལ་ བློན་པོ་རྩིས་ཏེ་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་དང་ ཡང་ཅིན་ ས་གནས་གཞུང་གི་འཐུས་མི་ཚུ་གིས་ གཞུང་འབྲེལ་འགྲོ་འགྲུལ་དང་ བཙག་འཐུའི་གྲལ་གཏོགས་དང་འབྲེལ་བའི་ལཱ་གཉིསཔོ་དེ་ ཟུང་འབྲེལ་ཐོག་ལུ་འབད་མ་ཆོགཔ་མ་ཚད་ གཞུང་གི་མཐུན་རྐྱེན་དང་ མི་སྟོབས་ ཡང་ཅིན་ གཞུང་གི་འགྲུལ་འཁོར་ཚུ་ བཙག་འཐུའི་གྲལ་གཏོགས་དང་འབྲེལ་བའི་ བཅའ་སྒྲིག་སྐབས་ ཚོགས་པ་ ཡང་ཅིན་ འདེམས་ངོ་ཚུ་གི་ རང་དོན་འགྲུབ་ཐབས་ལུ་ ཉེར་སྤྱོད་འཐབ་མི་ཆོག་ཟེར་ཨིན་པས།
དེ་འབད་ནི་འདི་གིས་ ཚོགས་སྡེའི་འཐུས་མི་ཚུ་གིས་འབད་བ་ཅིན་ བཅའ་ཁྲིམས་ཀྱི་དོན་ཚན་དེ་ གཙོ་བོ་ར་ འཐུས་མི་ཚུ་གིས་ གོ་གནས་ཁར་ ཡིག་ཚང་འཆང་ཐོག་ལས་ བཙག་འཐུ་ནང་ བཅའ་མར་གཏོགས་ཆོག་ནི་དེ་གིས་ ཨིན་ཟེར་བའི་ བསམ་ཚུལ་བཀོདཔ་ཨིན་པས།
ད་ལྟོ་ཚོགས་སྡེ་གིས་ བཙག་འཐུའི་ཁྲིམས་གཞུང་གི་ དོན་ཚན་གྱི་གོ་བ་ལེན་ཐངས་ནང་ ཁྱད་པར་ཡོད་པའི་ མངོན་གསལ་བྱུངམ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལམ་སྟོན་བཀའ་རྒྱ་གནང་དགོ་པའི་ ཞུ་བ་ཕུལ་ཡོད་པའི་ ལན་གསལ་ལུ་ སྒུག་དོ་ཡོདཔ་ཨིན་པས།
དེ་དང་འབྲེལ་ ཚོགས་སྡེའི་གནས་ཡུན་དེ་ སང་ཕོད་སྤྱི་ཟླ་༤ པའི་ཚེས་༢༨ ལུ་ཚང་པའི་ གནས་ཡུན་རྩིས་ཐོག་ བཙག་འཐུའི་བྱི་རིམ་དེ་ གནས་ཡུན་མ་ཚང་བའི་ ཟླཝ་༣ ཀྱི་ཧེ་མར་ འགོ་བཙུགས་དགོ་མི་དང་བསྟུན་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དང་འབྲེལ་བའི་བྱ་རིམ་ཚུ་ སང་ཕོད་སྤྱི་ཟླ་༡ པའི་ ཟླ་མཇུག་ཁམས་ལས་ འགོ་བཙུགས་ནི་གི་ འོས་འབབ་ཡོད་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment