གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་རག་གིས་འཐག་མི་ ཆུམ་བྲོཝ་དང་བཅུད་ཡོདཔ།

༢༢/༡༠/༢༠༡༢   ༉ རྩི་རང་རྫོང་ཁག་ སྤ་ཚར་གླིང་རྒེད་འོག་ སྤ་ཚར་གླིང་སྟོད་སྤྱི་འོག་གི་ མི་སེར་ཚུ་གིས་ ཁོང་རའི་གཡུས་ཁར་ ཐགམ་བརྡུང་ནི་གི་ འཕྲུལ་འཐག་ཡོད་རུང་ དང་ཕུ་བཟུམ་སྦེ་ ཆུ་རག་དེ་ར་ ལག་ལེན་འཐབ་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་པས།
སྤ་ཚར་གླིང་ལུ་ ཆུ་ལུ་བརྟེན་པའི་ རང་ལུགས་ཀྱི་ ཐགམ་བརྡུང་ནིའི་ཆུ་རག་ ལག་ལེན་འཐབ་པའི་བསྒང་།



ཆུ་རག་ལག་ལེན་འཐབ་དགོ་མི་དེ་ཡང་ དང་པ་ སྔར་སྲོལ་བདག་འཛིན་འཐབ་པའི་ རྟགས་མཚན་ཅིག་ཨིནམ་མ་ཚད་ གཉིས་པ་ཟེརཝ་ད་ ཆུ་རག་ནང་བརྡུངས་མི་ གཡུས་ཆུམ་ཚུ་ དྲི་ཞིམ་པའི་ཁར་ བཟའཝ་ད་ཡང་ བྲོཝ་ལེགས་ཤོམ་འདུག་ཟེར་ གཡུས་མི་ཚུ་གིས་ བཤདཔ་ཨིན་པས།
དེ་ཡང་ རེད་བྲེ་༡༠ ལྷགཔ་ཅིག་ཤོང་མི་ ཤིང་གི་ཧོད་ཅིག་ནང་ རེད་ཚུ་བླུགས་ཞིནམ་ལས་ ནུབམོ་ཅིག་ བཞག་དོ་ཡོདཔ་ད་ ལོགས་ཅིག་ཁ་ལས་ ཆུ་ལི་ཊར་༡༥༠ དེ་ཅིག་ཤོང་མི་ ཤིང་གི་ཝ་ཅིག་ནང་ ཆུ་བཟེད་བཞག་མི་དེ་ གངམ་ཅིག་ ལྗིད་ཀྱིས་ཨེབ་ད་ རེད་བརྡུང་དོ་ཡོདཔ་ཨིན་པས།
ཆུའི་ཝ་དེ་ནང་ ཆུ་ལྟེམ་ལྟེ་སྦེ་ གང་ནིའི་དོན་ལུ་ དུས་ཡུན་སྐར་མ་༣༠ དེ་ཅིག་ འགོར་དོ་ཡོདཔ་ད་ རེད་བྲེ་༡༠ དེ་ཅིག་ བླུགས་མི་དེ་ ནུབམོ་ཅིག་ར་ དེ་ནང་བླུགས་བཞགཔ་ད་ ནངས་པ་དྲོ་པ་བཟུམ་ཅིག་ཁར་ དུས་ཡུན་ཆུ་ཚོད་༡༢ དེ་ཅིག་ལུ་ བརྡུང་ཚར་དོ་ཡོདཔ་ཨིན་པས།
སྤ་ཚར་གླིང་སྟོད་སྤྱི་འོག་དེ་ ཤེར་པ་གི་ མི་སྡེ་ཨིནམ་ད་ གཡུས་ཚན་དེ་ནང་ འབྲུ་སྣ་གཞན་ གེ་ཟ་ལ་སོགས་པ་ཚུ་ འཐག་ནིའི་དོན་ལས་ འཕྲུལ་འཐག་ལག་ལེན་འཐབ་དོ་ཡོད་རུང་ དམིགས་བསལ་དུ་ རེད་བརྡུང་ནིའི་དོན་ལུ་ ཆུ་རག་དེ་ར་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ཨུ་ཏ་རེ་གཡུས་ཚན་ནང་ལས་ སྐྱེས་ལོ་༥༢ ལང་མི་ མིག་དམར་བདེ་སྐྱིད་ཀྱིས་ སླབ་མིའི་ནང་ ཆུ་རག་དེ་ དང་ཕུ་ ང་བཅས་རའི་ཕམ་ཚུ་གི་སྐབས་ལས་ར་ ལག་ལེན་འཐབ་སྟེ་ སྡོད་ནུག་ཟེར་ཨིནམ་ད་ ཆུ་རག་ནང་བརྡུངས་མི་ཆུམ་དེ་ བཟའཝ་ད་ཡང་ བྲོཝ་ཡོད་པའི་ཁར་ བཅུད་ཡང་ཡོདཔ་སྦེ་ ཚོརཝ་མས་ཟེར་ཨིན་པས།
སྤ་ཚར་གླིང་སྟོད་ཀྱི་ཚོགས་པ་ ཟླ་བ་རྒྱལ་མཚན་གྱིས་ སླབ་མིའི་ནང་ སྤྱི་འོག་ནང་ བསྡོམས་ཀྱིས་ ཁྱིམ་གུང་༤༦ ཡོད་ས་ལས་ ཁྱིམ་གུང་༧ དེ་ཅིག་ལུ་ འཕྲུལ་འཐག་ཚུ་ ཡོད་ཟེར་ཨིནམ་ད་ ཆུ་རག་ཡོད་མི་ ཁྱིམ་གུང་དག་པ་ཅིག་ལས་མེད་ནི་དེ་གིས་ སྐོར་རྒྱབ་སྦེ་ ལག་ལེན་འཐབ་དོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ། 


རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment