གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཕན་རིག་སྤེལ་གྱི་ལས་འགུལ་དང་པ་ བརྒྱ་ཆ་༧༠ དེ་ཅིག་གྲུབ་ཡོདཔ།

༣༡/༡༠/༢༠༡༢   ༉ ལོ་ལྔའི་སྤྱི་ཕན་རིག་སྤེལ་ལས་འགུལ་དེ་ སྤྱི་ལོ་༢༠༡༠ ཟླ་༥ པའི་ནང་ལས་འགོ་བཙུགས་ཏེ་ ད་ཚུན་ལུ་ ལཱ་གི་གྲུབ་འབྲས་ བརྒྱ་ཆ་༧༠ དེ་ཅིག་ གྲུབ་ཡོད་པའི་ཁར་ ད་རུང་ ལས་འགུལ་གོ་རིམ་༢ པའི་དོན་ལུ་ དུས་ཅི་སྤྱི་ཟླ་༥ པའི་ནང་ རྒྱ་གར་གཞུང་ལུ་ གྲོས་འཆར་ཕུལ་ཡོདཔ་ཨིན་པས། 


སྤྱི་ཕན་རིག་སྤེལ་གྱི་ ལས་རིམ་མདོ་ཆེན་ རྟ་འགྲིན་དབང་ཕྱུག་གིས་འབད་བ་ཅིན་ རྒྱ་གར་གཞུང་གིས་ གྲོས་འཆར་ལུ་ ཆ་འཇོག་འབད་བ་ཅིན་ ལས་འགུལ་དང་པའི་ དུས་ཡུན་མ་རྫོགསཔ་ལས་ ལས་འགུལ་གཉིས་པ་ལཱ་ཚུ་ཡང་ འགོ་བཙུགས་ནི་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་འགུལ་གོ་རིམ་༢ པའི་དམིགས་ཡུལ་དེ་ ལས་འགུལ་དང་པའི་ འཕྲོ་མཐུད་དེ་ རྒྱ་བསྐྱེད་གཏང་ནི་འདི་གཙོ་རིམ་ཅན་ཅིག་ཨིན་ཟེར་ཨིནམ་ད་ སྤྱིར་བཏང་ལས་འགུལ་གྱི་བྱ་རིམ་ཚུ་ གློག་ཐོག་གཞུང་སྐྱོང་གི་ ལམ་ལུགས་གཞི་བཙུགས་འབད་ནི་ སློབ་གྲྭ་ཚུ་ནང་ བརྡ་དོན་འཕྲུལ་རིག་ཡར་དྲག་གཏང་ནི་ ན་གཞོན་ཚུ་གི་ རིག་རྩལ་ཡར་དྲག་གཏང་སྟེ་ ལྕོགས་གྲུབ་ཅན་བཟོ་ནི་ བརྡ་དོན་འཕྲུལ་རིག་གི་ ཞབས་ཏོག་མེད་མི་ཚུ་ནང་ ཞབས་ཏོག་གཞི་བཙུགས་འབད་ནི་ གློག་རིག་དང་འབྲེལ་བའི་ ཕྱགས་སྙིགས་འཛིན་སྐྱོང་ཚུ་འབད་དོ་ཡོདཔ་ཨིན་པས།
རིག་རྩལ་ཡར་དྲག་གཏང་ནི་ཨིན་མིའི་ནང་ འགོ་ཁྲིདཔ་༢༠༠ དང་ ཞི་གཡོགཔ་༧༠༠༠ ན་གཞོན་༨༤༠༠ སློབ་དཔོན་༥༠༠༠ མཐོ་རིམ་སློབ་གྲྭའི་ན་གཞོན་༢༤༠༠ ཁྱད་རིགཔ་༨༠༠ ཉེན་ཁ་བྱུང་སྲིད་པའི་ན་གཞོན་༡༢༠༠ ལུ་ སྦྱོང་བརྡར་ཚུ་བྱིན་ནི་ཨིན་པས།
དེ་ཁར་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་༧ གློག་རིག་ཁང་རེ་དང་ ལཱ་གཡོག་ལྟེ་བ་༡ སློབ་དཔོན་སློབ་སྦྱོང་ལྟེ་བའི་ནང་ གློག་རིག་ཁང་༧ ཆེ་རིམ་སློབ་ཁང་༤ རྒྱལ་གཞུང་འཛིན་སྐྱོང་སྤེལ་ཁང་༡ ན་གཞོན་གོང་འཕེལ་མ་དངུལ་ལྟེ་བ་ནང་༣ སློབ་གྲྭ་ནང་གློག་རིག་ཁང་༡༦༨ རྐྱབ་ནི་ཨིན་པས།
མི་སྡེ་ལྟེ་བ་ཚུ་ནང་ སློབ་སྦྱོང་ལྟེ་བ་༡༣༡ རྐྱབ་ནི་དང་ རྒྱལ་གཞུང་འཛིན་སྐྱོང་སྤེལ་ཁང་གི་འོག་ལུ་ བརྟག་དཔྱད་ཁང་ལྟེ་བ་༡ སྦྱོང་བརྡར་ལྟེ་བ་༤ རྐྱབ་ནི་གིས་མ་ཚད་ གྲྭ་ཚང་༡༠ ནང་ གློག་རིག་བཀྲམ་སྤེལ་འབད་ནི་དང་ མི་སྡེ་ལྟེ་བ་ཚུ་ལུ་ མ་དངུལ་གྱི་གྲོགས་རམ་ཚུ་ འབད་ནི་ཨིན་པས།
སྤྱི་ཕན་རིག་སྤེལ་ལས་འགུལ་ འགོ་བཙུགས་ཏེ་ ལོ་༢ ལང་ཡོདཔ་ད་ གློག་ཐོག་གཞུང་སྐྱོང་སྦྱོང་བརྡར་གྱི་དོན་ལུ་ རྒྱལ་ཁབ་ནང་འཁོད་ལུ་ སྦྱོང་བརྡར་ལྟེ་བ་༩ གཞི་བཙུགས་འབད་ཡོདཔ་མ་ཚད་ ཆེ་རིམ་འགོ་ཁྲིདཔ་དང་ སྤྱི་ཚོགས་ཀྱི་འཐུས་མི་ དགེ་སློང་ ཞི་གཡོགཔ་ ལས་འཛིན་དང་ སྒེར་སྡེ་ནང་ལཱ་འབད་མི་ ཡོངས་བསྡོམས་༤༢༠༠ ལུ་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།
སྤ་རོ་ཤེས་རིག་མཐོ་རིམ་སྤེལ་ཁང་དང་ བསམ་རྩེ་ཤེས་རིག་མཐོ་རིམ་སྤེལ་ཁང་ འགྲམ་ཕུག་འབྲིང་རིམ་སློབ་གྲྭ་གོང་མ་ གཞལམ་སྒང་འབྲིང་རིམ་སློབ་གྲྭ་གོང་མ་ རང་འབྱུང་འབྲིང་རིམ་སློབ་གྲྭ་གོང་མ་ བསམ་གྲུབ་ལྗོངས་མཁར་འབྲིང་རིམ་སློབ་གྲྭ་གོང་མ་ཚུ་ནང་ སློབ་དཔོན་སྦྱོང་བརྡར་ལྟེ་བ་༧ གཞི་བཙུགས་འབད་དེ་ སློབ་གྲྭའི་སློབ་དཔོན་༢༧༩༤ ལུ་ སྦྱོང་བརྡར་ཚུ་བྱིན་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་འཁོད་ཀྱི་སློབ་གྲྭ་༡༦༨ ནང་ བརྡ་དོན་འཕྲུལ་རིག་གི་ཞབས་ཏོག་ གཞི་བཙུགས་འབད་ཡོདཔ་མ་ཚད་ སློབ་ཕྲུག་༥༣,༥༠༠ ལུ་ གློག་རིག་གི་སྦྱོང་བརྡར་ཚུ་ ད་ལྟོ་བྱིན་དོ་ཡོདཔ་ཨིན་པས།
འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ གློག་རིག་སྦྱོང་བརྡར་ཁང་༨ རྐྱབ་ཡོདཔ་མ་ཚད་ མི་ངོམ་༣༦༥༠ ལུ་ སྦྱོང་བརྡར་གྱི་ལག་ཁྱེར་ཚུ་བྱིན་ཡོདཔ་ད་ ད་ལྟོ་ མི་ངོམ་༧༩༠ ལུ་ གློག་རིག་གི་སྦྱོང་བརྡར་ བྱིནཔའི་བསྒང་ཡོདཔ་ཨིན་པས།
ཆེ་རིམ་སློབ་སྦྱོང་སྤེལ་ཁང་༤ ནང་ གློག་རིག་སྦྱོང་བརྡར་ཁང་རེ་དང་ ཚན་རིག་དང་ འཕྲུལ་རིག་སྤེལ་ཁང་ནང་ བརྟག་དཔྱད་ཁང་ཅིག་ རྐྱབ་ཡོདཔ་ད་ སློབ་ཕྲུག་༤༡༥༠ ལུ་ སྦྱོང་བརྡར་བྱིན་ཚར་ཡོདཔ་མ་ཚད་ ད་རུང་ སློབ་ཕྲུག་༡༠༨༠ ལུ་ གློག་རིག་གི་སློབ་སྟོན་ འབད་བའི་བསྒང་ཡོདཔ་ཨིན་པས།
ཉེན་ཁ་འབྱུང་སྲིད་ནི་ཨིན་མི་ ན་གཞོན་ཚུ་གི་དོན་ལུ་ ཐིམ་ཕུ་ ན་གཞོན་དཔལ་རི་དང་ སི་སི་ན་ སྨྱོ་རྫས་ཉམས་གསོ་ལྟེ་བ་ཚུ་ནང་ཡང་ གློག་རིག་སྦྱོང་བརྡར་ཁང་༣ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ན་གཞོན་༡,༢༥༤ ལུ་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།
སྤྱི་ཕན་རིག་སྤེལ་ལས་འགུལ་དེ་ རྒྱ་གར་གཞུང་དང་ འབྲུག་གཞུང་གཉིས་ མཉམ་རུབ་ཐོག་ལས་འབད་མིའི་ ལས་འགུལ་ཅིག་ཨིནམ་ད་
ལས་འགུལ་དེ་གིས་ རིག་རྩལ་ཡར་དྲག་དང་ ལྕོགས་གྲུབ་ཡར་དྲག་གཏང་ནི་ དབྱེ་ཁག་༢ སྦེ་ཕྱེ་ཡོདཔ་ཨིན་པས།
མ་དངུལ་ ས་ཡ་༢༠༥༢.༦༩ གནས་ནི་ཨིན་མི་ ལོ་ལྔའི་ལས་འགུལ་དང་པ་དེ་ སྤྱི་ལོ་༢༠༡༥ ཟླ་༤ པའི་ནང་ མཇུག་བསྡུ་ནི་ཨིནམ་ད་ ལས་འགུལ་གྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་དུང་ཕྱུར་༡ དེ་ཅིག་ གནས་ནི་དང་ དུས་ཡུན་ལོ་༢ དེ་ཅིག་འགོར་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།


ནོར་འཛིན་ལྷ་མོ།

No comments:

Post a Comment