གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགར་སའི་གཞུང་ལམ་བདའ་སྟེ་ སྣུམ་འཁོར་ རྒྱུན་འབྲེལ་འབད་ཚུགས་ཡོདཔ།

ལམ་གྱི་རྒྱ་ཚད་ཆུང་ནི་དེ་གིས་ དུས་སྟབས་ཅིག་ལུ་ སྣུམ་འཁོར་གཅིག་མ་གཏོགས་ མ་ཤོང་པའི་དཀའ་ངལ་ བྱུང་དོ་ཡོདཔ་ཨིན་པས།
ཡུན་རིངམོ་སྦེ་བསུབས་མི་ མགར་སའི་གཞུང་ལམ།
  ༢༠/༡༠/༡༢། ༉ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ སྤུ་ན་ཁ་དང་ མགར་ས་རྫོང་ཁག་གི་ གཞུང་ལམ་དེ་ ས་གནས་ཁག་༡༧ དེ་ཅིག་ནང་ ས་རུད་ཆད་དེ་ ལམ་བསུབས་མི་ཚུ་ ད་རེས་ཀྱི་ ཟླཝ་འདི་ནང་ལས་ བསལ་ཚར་ནི་དེ་གིས་ སྣུམ་འཁོར་ཚུ་རྒྱུན་འབྲེལ་ འཐབ་ཚུགས་ཡོདཔ་ཨིན་པས།
ཨིན་རུང་ ལམ་གྱི་རྒྱ་ཚད་ཆུང་ཀུ་འབད་ནི་དེ་གིས་ དུས་སྟབས་ཅིག་ལུ་ སྣུམ་འཁོར་གཅིག་མ་གཏོགས་ མི་ཤོང་དོ་ཡོད་པའི་ཁར་ འཁོར་ལམ་དེ་ ད་ལྟོ་ རྒྱ་བསྐྱེད་འབད་བའི་བསྒང་ཨིནམ་ལས་ སྣུམ་འཁོར་ཚུ་ འགྲོས་ཀྱིས་སྦེ་ བཏང་འགྱོ་དགོ་དོ་ཡོདཔ་ཨིན་པས།

ས་རུད་ཆད་མི་དེ་གིས་ སྤུ་ན་ཁ་ལས་ ཀི་ལོ་མི་ཊར་༤༤.༦ དང་ ཀི་ལོ་མི་ཊར་༤༥.༢ དེ་ཅིག་གི་ས་གནས་ དགའ་ཐང་ན་ལུ་  སྤྲིངས་ཟམ་༢ འཕྱགས་འབག་མི་ལས་ སྤྲིངས་ཟམ་༡ ལོག་གསརཔ་རྐྱབ་ཡོད་རུང་ གཞན་མི་དེ་ ས་གནས་བརྟན་ཏོག་ཏོ་མེདཔ་ལས་ ཟམ་རྐྱབ་ནིའི་འོས་འབབ་མེད་མི་ལུ་བརྟེན་ ཟམ་གསརཔ་དེ་རྐྱབ་མི་ཚུགས་ནི་མས་ཟེར་ ལམ་སེལ་ལས་ཁུངས་ཀྱི་ བཀོད་ཁྱབ་བཟོ་རིག་འགོ་དཔོན་འོགམ་ བསྟན་པ་འཕྲིན་ལས་ཀྱིས་བཤད་ཅི།
རིང་ཚད་ ཕིཊ་༨༠ དང་རྒྱ་ཚད་ མི་ཊར་༣.༥ འབད་མི་ སྤྲིངས་ཟམ་གསརཔ་ དངུལ་ཀྲམ་ས་ཡ་༡.༣ དེ་ཅིག་ ཟད་འགྲོ་བཏང་ཐོག་ལས་རྐྱབ་མི་དེ་ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ འགོ་འབྱེད་འབད་ཡི།
བསྟན་པ་འཕྲིན་ལས་ཀྱིས་འབད་བ་ཅིན་ ས་གནས་ཀྱི་ སྤྲིངས་ཟམ་ཁག་༢ པམ་གྱི་ཚབ་ལུ་ རྩི་ས་གིས་བཟོ་མི་ ཆུ་དུང་ཚུ་ བཙུགས་ཏེ་ ལམ་བཟོ་དོ་ཟེར་ཨིནམ་ད་ གལ་སྲིད་ ང་བཅས་ཀྱིས་ ཟད་འགྲོ་སྦོམ་བཏང་ཐོག་ལས་ ཟམ་རྐྱབ་སྟེ་འབད་རུང་ ད་རུང་ གནམ་བྱཱར་རུད་ཆད་འོང་པ་ཅིན་ ཟམ་དེ་འཕྱག་བདའ་ནིའི་ ཉེན་ཁ་ཡོདཔ་ལས་ དཀའ་ངལ་དེ་ གཏན་འཁེལ་མ་འགྱོ་ཚུན་ ཟམ་རྐྱབ་མི་ཚུགས་ཟེར་ཨིན་པས།
ས་གནས་ཁར་ ས་རུད་སྦོམ་སྦེ་ར་ཆད་མི་དེ་ ད་ལྟོ་རྩིགཔ་རྐྱབ་སྟེ་ ལམ་བསལ་ཡོདཔ་མ་ཚད་ རྩི་ས་གིས་བཟོ་མིའི་ ཆུ་དུང་བཙུགས་ཡོདཔ་ལས་ དེ་བཟུམ་གྱི་ཆུ་དུང་ཚུ་ ས་གནས་ཁག་༦ དེ་ཅིག་ནང་ བཙུགས་དགོཔ་ཡོད་ཟེར་ བསྟན་པ་འཕྲིན་ལས་ཀྱིས་བཤད་ཅི།
རུད་ཆད་སའི་ས་གནས་དེ་ དཀར་སྦིས་ན་དང་ ཕུན་ཚོགས་སྒང་ དགའ་ཐང་ན་ ཤི་ལི་ཁ་ ལབ་སྒང་ འདམ་སྦྱིས་ དགོན་སྡེ་སྒང་ འཛོམས་མི་ནང་གི་ ས་གནས་ཁག་མང་རབས་ཅིག་ནང་ འཁོར་ལམ་ཆད་མི་ཚུ་གི་གྲས་ལས་ ཤུགས་ཆེ་ཤོས་ར་ དགའ་ཐང་ན་ལུ་ཨིན་པས།
ལམ་རྒྱ་བསྐྱེད་ཀྱི་ལཱ་དེ་ ཟླཝ་༢ དེ་ཅིག་གི་རིང་ འབད་ནི་ཨིནམ་བཞིན་དུ་ འཁོར་ལམ་རྒྱ་བསྐྱེད་ཀྱི་ལཱ་མཇུག་བསྡུ་གཞིནམ་ལས་ འཁོར་ལམ་ལེགས་ཤོམ་འགྱོ་འོང་ཟེར་ཨིན་པས།
མ་གཞི་ འཁོར་ལམ་རྒྱ་བསྐྱེད་ཀྱི་ལཱ་དེ་ ཧེ་མ་ལས་འབད་ཚུགས་ནི་ཨིན་རུང་ གནམ་བྱཱར་ས་རུད་ཆདཔ་ཆད་ས་ར་སྡོད་ནི་དེ་གིས་ ལཱ་ཚུ་ཕྱིར་འགྱངས་སྦེ་ལུས་སོ་ཡི་ཟེར་ ལམ་སེལ་འགོ་དཔོན་ཚུ་གིས་སླབ་ཡོདཔ་ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ། 

No comments:

Post a Comment