གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྦས་གནས་ཁྱད་པར་ཅན་ལུ་ སྦྱིན་བདག་མེད་པའི་དཀའ་ངལ།

༢༧/༡༠/༢༠༡༢   ༉ རྒྱལ་ཁབ་ནང་ གུ་རུ་རིན་པོ་ཆེའི་གནས་ མང་རབས་ཅིག་ཡོད་མིའི་གྲས་ལས་ དབང་འདུས་ཕོ་བྲང་ ཀ་བཞི་རྒེད་འོག་ལུ་ཡོད་པའི་ སྦས་གླང་བྲག་གི་གནས་དེ་ ཁྱད་པར་ཅན་ཅིག་ཨིན་རུང་ དེ་ནང་བཞུགས་མི་མཚམས་པ་ཚུ་ལུ་ གཞུང་དང་སྒེར་གྱི་ཁ་ཐུག་ལས་ གྲོགས་རམ་འབད་མི་སྒྲིང་སྒྲིང་མེད་མི་ལུ་བརྟེན་ ཡར་ངོ་ མར་ངོའི་ཚེས་བཅུའི་སྐབས་ ཁོང་ར་མཚམས་པ་ཚུ་གིས་སྦྱིན་བདག་འབད་ཐོག་ལས་ ཚོགས་འཁོར་སྐོར་དོ་ཡོདཔ་ཨིན་པས།
ཁྱད་འཕགས་ཅན་གྱི་ སྦས་གླང་བྲག་གི་གནས།


ཁ་ཉིནམ་ རང་ཟླ་༩ པའི་ཚེས་༡༠ ལུ་ གནས་དེ་ནང་ གུ་རུ་རིན་པོ་ཆེའི་ཚོགས་འཁོར་ རིག་འཛིན་བསྡུས་པའི་བླ་སྒྲུབ་གནང་པའི་སྐབས་ ཁོང་ལུ་ ཡོན་ཕུལ་མི་ག་ཡང་མེད་པའི་མཐོང་གསལ་བྱུང་ཡོདཔ་ད་ མཚམས་པ་ཚུ་གིས་འབད་བ་ཅིན་ ཚོགས་འཁོར་གྱི་ཟད་འགྲོ་དེ་ཡང་ ཁོང་ར་ནང་འཁོད་ལས་ མ་དངུལ་བསྡུ་ལེན་འབད་དེ་སྐོར་དོ་ཟེར་ཨིན་པས།
ཨིན་རུང་ འཕྲལ་འཕྲལ་སྐབས་ སྦྱིན་བདག་འབད་མི་ སྒེར་གྱི་ལས་སྡེ་དང་ ཞི་གཡོགཔ་ཚུ་ཐོན་དོ་ཡོདཔ་ཨིན་རུང་ གཞུང་གི་ཁ་ཐུག་ལས་ མ་དངུལ་དང་ མཚམས་པ་ཚུ་ལུ་ འཐུས་ཚུ་གནང་ནི་མེདཔ་ཨིན་པས།
ད་རེས་ གནས་དེ་ནང་ མཚམས་བཅད་སྡོད་མི་ མཚམས་པ་༡༣ ཡོད་མི་ཚུ་གིས་ ཉུང་ཤོས་ལོ་༣ དང་ ལོ་༦ དེ་ལས་ ལོ་༩ འི་རིང་ལུ་ མཚམས་བཅད་སྡོད་མི་ཚུ་ཨིནམ་ད་ དེའི་གྲས་ལས་ གནས་དེ་ནང་སྡོད་དེ་ ལོ་༡༣ སོང་མི་ བསྟན་འཛིན་ཆོས་གྲགས་ཀྱིས་ སླབ་མིའི་ནང་ ཁོང་གི་གྲས་ཁར་བཅའ་མར་ གཏོགས་དགོ་པ་ཅིན་ ཉུང་ཤོས་ལོ་༡༢ སྡོད་དགོ་ཟེར་ཨིནམ་ད་ དེ་བཟུམ་གྱི་ལམ་ལུགས་དེ་ གནས་ངོས་འཛིན་གནང་མི་ སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་གིས་ དགོངས་འཆར་ཨིན་ཟེར་བཤད་ཅི།
སྐྱེས་ལོ་༢༨ ལང་མི་ མཚམས་པ་བསྟན་འཛིན་ཆོས་གྲགས་ཀྱིས་ འབད་བ་ཅིན་ ཁོང་ལུ་དཀལ་ངལ་ངོ་མ་ར་ དཀར་མེ་ཕུལ་ནིའི་མར་དང་ མེ་རླུང་རྒྱ་རྫི་གེསི་མ་ལང་མི་དེ་ ཨིན་ཟེར་ཨིནམ་ད་ དེ་ཡང་ གནས་དེ་ནང་མཚམས་བཅད་སྡོད་མི་ མང་ཤོས་ཅིག་ མི་ཉམ་ཆུང་ཚུ་ཨིནམ་ལས་ ཁོང་ལུ་གྲོགས་རམ་འབད་མི་ ཕམ་སྤུན་ཆ་སྒྲིང་སྒྲིང་མེད་ཟེར་ཨིན་པས།
མ་གཞི་ ཁོང་༡༣ ལུ་ ཐིམ་ཕུ་ལས་ དད་མོས་ཅན་སྡེ་ཚན་ཅིག་གིས་ སྦྱིན་བདག་འབད་ཐོག་ལས་ ཟླ་རིམ་གྱི་འཐུས་ དངུལ་ཀྲམ་༡,༥༠༠ རེ་བྱིན་ནི་ཡོད་རུང་ གནས་དེ་ འཁོར་ལམ་ལས་རྐང་ཐང་སྦེ་ ཉུང་ཤོས་ཆུ་ཚོད་ཕྱེད་ད་༢ དེ་ཅིག་འགྱོ་དགོ་པའི་ས་ཁར་འབདཝ་ལས་ རྒྱགས་སྐལ་ཚུ་ འཁོར་ལམ་ལས་ གནས་ཀྱི་ས་ཁོངས་ཚུན་སྐྱེལ་འདྲེན་གྱི་ གླ་འཐུས་ དངུལ་ཀྲམ་༤༠༠ དེ་རེ་ སྤྲོད་དགོཔ་ཐོན་པའི་སྐབས་ མ་དངུལ་ལང་མ་ཚུགས་པའི་དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
ཡར་ངོ་ མར་ངོའི་དུས་བཟང་གི་སྐབས་ལུ་ ཚོགས་འཁོར་སྐོར་མི་ཚུ་ ཡངས་མཚམས་སྦེ་ ཉིནམ་༡ ལུ་ ཐུན་ཚད་ རིམ་ཐེངས་༤ གི་ཐོག་ལུ་ གུ་རུ་རིན་པོ་ཆེ་གི་གཟུངས་སྔགས་ བ་ཛྲ་གུ་རུ་བགྱང་སྡོད་མི་ཚུ་ཨིནམ་ད་ ཁོང་གི་ལམ་ལུགས་དང་འཁྲིལ་བ་ཅིན་ ལོ་གསུམ་ཕྱོགས་གསུམ་གྲོལ་བའི་སྐབས་ ལོ་༡༢ ཚུན་བཛྲ་གུ་རུ་བསགས་དགོཔ་ཨིནམ་ད་ ལ་ལུ་ཅིག་ དམ་མཚམས་ཟེར་ ལོ་གསུམ་ཕྱོགས་གསུམ་བཅད་སྡོད་མི་ཡང་ཡོདཔ་ཨིན་པས།
གནས་དེའི་འོག་ལུ་ མི་ཊར་༡༠༠ དེ་ཅིག་གི་ས་ཁར་ བྱག་སྦོམ་ཅིག་ཡོད་སར་ གཏེར་སྟོན་རྡོ་རྗེ་གླིང་པ་གིས་ ངན་བསལ་སྐུ་མཆོག་གི་གསུང་རབ་དཔེ་ཆ་ གཏེར་བཞེས་མི་བྱག་ཕུག་ནང་ ཁོང་མཚམས་པ་ཚུ་སྐོར་རྒྱབ་སྦེ་ བདུན་ཕྲག་གཅིག་གི་རིང་ སྒོམ་རྐྱབ་སྟེ་སྡོད་པའི་སྐབས་ ལ་ལུ་ཅིག་གིས་ ལྟོ་ཟ་ནི་མེདཔ་ད་ མཚམས་པ་བསྟན་འཛིན་ཆོས་གྲགས་ཀྱིས་འབད་བ་ཅིན་ ལྟོ་བཀྱེས་བའི་ཚོར་སྣང་མ་བྱུང་མི་དེ་ གནས་དེའི་བྱིན་རླབས་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།
སྦས་གླང་བྲག་གི་གནས་དེ་ སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་གིས་ ངོས་འཛིན་གནང་ཡོདཔ་ད་ གནས་དེ་ནང་ དུས་རབས་བརྒྱད་པའི་ནང་ གུ་རུ་རིན་པོ་ཆེ་མཆོག་གིས་ གཏེར་མང་རབས་ཅིག་ སྦས་གནང་བའི་ཤུལ་ལས་ ས་གནས་དེའི་བཙན་ གླང་གི་གཟུགས་ལུ་ཡོད་མི་དེ་ གཏེར་བདག་སྦེ་ དམ་ལུ་བཏགས་གནང་མི་ལས་ སྟ་འདྲངས་ཏེ་ གནས་དེའི་མིང་ སྦས་གླང་བྲག་ཟེར་ བཏགས་གནང་ཡོདཔ་ཨིན་པས།
མཚམས་པ་བསྟན་འཛིན་ཆོས་གྲགས་ཀྱིས་ བཤད་མིའི་ནང་ གནས་ཡིག་དང་འཁྲིལ་བ་ཅིན་ གནས་དེ་ནང་ གཏེར་གྱི་རིགས་ ཡོངས་རྫོགས་སྦས་གནང་སྟེ་ གུ་རུ་རིན་པོ་ཆེ་གིས་ ཕྱག་དམ་གནང་བའི་རྟགས་ བྱག་ཕུག་གི་སྦུག་ལུ་ རྡོ་ཐད་སྒོར་སྒོར་ཅིག་ཡོད་མི་དེ་ མཇལ་ཚུགས་དོ་ཡོདཔ་ད་ ས་གནས་དེ་ནང་ གནས་མང་ཤོས་ཅིག་ཡོད་པའི་གྲས་ལས་ ཕྱག་དམ་དེ་ གཙོ་ཅན་ཅིག་ཨིནམ་སྦེ་བརྩི་འཇོག་འབདཝ་ཨིན་པས།
གནས་དེ་ནང་ དུས་ཆེན་དང་ དུས་བཟང་གི་སྐབས་ལུ་ བྱག་གུ་ལས་མར་ ཡ་མཚན་ཅན་གྱི་ ཁྲུས་ཆུ་ཚུ་འབབ་དོ་ཡོདཔ་ད་ ཁ་ཉིནམ་ཚེས་༡༠ ལུ་ཡང་ ཁྲུས་ཆུ་འབབ་མི་དེ་ མི་མང་ཤོས་ཅིག་གིས་ མཇལ་ཚུགས་ཡོདཔ་ཨིན་པས།
གནས་དེ་ནང་ ཧེ་མ་ ཁྱིམ་ཆུང་ཀུ་ཅིག་ལས་འགལ་མེད་རུང་ སྤྱི་ལོ་༢༠༠༢ ལུ་ ལུང་བསྟན་སྤྲུལ་སྐུ་གིས་ འགོ་འདྲེན་ཐོག་ལས་ ཁྱིམ་ཐོག་༣ འབད་མི་ ཟངས་མདོག་དཔལ་རི་ཅིག་ བཞེངས་མི་དེ་ཡང་ མ་དངུལ་གྱིས་ མ་ལང་པའི་དཀའ་ངལ་ལུ་བརྟེན་ ནང་ན་ལེགས་ཤོམ་སྦེ་སྒྲུབ་མ་ཚུགས་པའི་ཁར་ སྐུ་སྦོམ་ཤོས་༡༤ དེ་ཅིག་ ད་ལྟོ་བཞེངས་པའི་བསྒང་ཡོད་མི་ཚུ་གི་ལཱ་ཡང་ ཐོགས་ལུས་ཡོདཔ་ཨིན་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment