གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡོངས་གྲགས་ཅན་གྱི་ སྐུད་ཤུ་ཐགས་རས་ཀྱི་ ཐགས་ལཱ་འབད་མིའི་རྒྱབ་ཁུངས།

༡༩/༡༠/༢༠༡༢   ༉ རྒྱལ་ཁབ་ནང་ ད་ཚུན་གྱི་བར་ན་ ཐགས་རིགས་ཚུ་གི་གྲས་ལས་ སྐུད་ཤུ་ཐགས་རས་ཀྱི་ ཡོངས་གྲགས་དེ་ ལྷུན་རྩེ་རྫོང་ཁག་ མཁོ་མ་རྒེད་འོག་ནང་ཨིནམ་མ་ཚད་ མཁོ་མ་ཟེར་བའི་མིང་བཏགས་དགོ་པའི་གནས་སྡོནང་ ཁུངས་དང་བཅསཔ་སྦེ་ཡོདཔ་ཨིན་པས།
མཁོ་མ་གཡུས་ཚན་གྱི་མཐོང་སྣང།


དེ་ཡང་ ལྷུན་རྩེ་རྫོང་ཁག་ནང་ རྒེད་འོག་༨ ཡོད་པའི་གྲས་ལས་ མཁོ་མ་རྒེད་འོག་དེ་ ལྷུན་རྩེ་རྫོང་ལས་ ཀི་ལོ་མི་ཊཪ་དག་པ་ཅིག་གི་ས་ཁར་ཡོད་པའི་ ཡོངས་གྲགས་ལུ་ མཁོ་མ་ཟམ་ཟེར་ས་ལས་ ཀི་ལོ་མི་ཊར་༥ དེ་ཅིག་གི་ས་གནས་ཁར་ཡོདཔ་ད་ ས་གནས་དེ་ བཀུར་སྟོད་སེང་གེ་རྫོང་གི་ གནས་མཇུག་སྦེ་བཤད་སྲོལ་ཡོདཔ་ལས་ གཡུས་ཚན་དེ་ ག་ཅི་དེ་ དགའ་ཏོག་ཏོ་སྦེ་ཡོད་པའི་ཁར་ སའི་ཆགས་ཚུལ་ཡང་ མ་འདྲཝ་ཅིག་ཡོདཔ་ཨིན་པས།
གནས་བཤདཔ་ སེང་གེ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ བླམ་དང་རྒན་ཤོས་ཚུ་གིས་ མཁོ་མ་རྒེད་འོག་དེ་ སའི་ཆགས་ཚུལ་ གླངམོ་ཆེ་བཟུམ་ཅིག་གུ་ཆགས་ཡོདཔ་སྦེ་སླབ་དོ་ཡོདཔ་ད་ ད་རེས་ནངས་པ་ ཡོངས་གྲགས་ཡོད་པའི་ མཁོ་མ་གཡུས་ཚན་དེ་ གླངམོ་ཆེ་གི་ལྷ་པ་གུ་ ཆགས་ཡོདཔ་ལས་ གླངམོ་ཆེ་ཆུ་འཐུང་པར་འགྱོ་དོ་བཟུམ་སྦེ་ཡོད་ཟེར་ཨིན་པས།
མཁོ་མ་ཟེར་ སླབ་དགོ་མི་དེ་ཡང་ ཧེ་མ་ དུས་རབས་༨ པའི་ནང་ གུ་རུ་རིན་པོ་ཆེ་ ཀུར་སྟོད་སེང་གེ་རྫོང་ལུ་ སྐུ་མཚམས་གནང་བཞུགས་པའི་སྐབས་ལུ་ མཚོ་དཀར་མཚོ་ནག་གི་གནས་བདག་༢ ཀྱིས་ གུ་རུ་ལུ་ སངས་རྒྱས་ཀྱི་ བསྟན་པ་བསྲུང་ནིའི་ཁས་བླངས་དམ་བཅའ་ཚུ་ཕུལ་ཡོད་རུང་ ཤུལ་ལས་ མཚོ་ནག་གི་གནས་བདག་གིས་ དམ་བཅའ་ལུ་མ་གནས་པར་ སྦུལ་སྦོམ་ཅིག་ལུ་སྤྲུལ་ཏེ་འོང་ཡོདཔ་ལས་ བདུད་དེ་ ད་རེས་ནངས་པ་ མཁོ་མ་གཡུས་ཚན་མཇུག་གི་ མཁོ་མ་ཆུ་ནང་གཡིབ་སྡོད་ནུག་ཟེར་ཨིན་པས།
དེ་ལས་ གུ་རུ་གིས་མཁྱེན་ཏེ་ བདུད་དེ་བཏུལ་ནིའི་དོན་ལུ་ མཁོ་མ་གཡུས་ཚན་གྱི་ལྟག་ལུ་ རྡོ་ཕུག་༡ ནང་ ཟླཝ་༦ གི་རིང་ལུ་ གསང་བའི་ཐོག་ལས་ སྐུ་མཚམས་གནང་བཞུགས་ཏེ་ བདུད་དེ་བཏུལ་ཡོདཔ་བཞིན་དུ་ ད་རེས་ནངས་པ་ ཡོངས་གྲགས་ལུ་ སངས་རྒྱས་ལོ་དྲུག་ཟེར་ ཞུ་སྲོལ་ཡོད་པའི་ གསང་བའི་ཟླ་དྲུག་གི་ གནས་ནང་བཞུགས་ཡོདཔ་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ གུ་རུ་རིན་པོ་ཆེ་ གསང་བའི་ཟླ་དྲུག་གི་ བྱག་ཕུག་ནང་སྒྲུབ་པ་གནང་སྟེ་ བཞུགས་པའི་སྐབས་ལུ་ མཁའ་འགྲོ་མའི་མཚན་ཉིད་དང་ལྡན་པའི་ ནོར་རྫིཔ་ བུམོ་འཇའ་རིསམོ་ཅིག་ ནོར་འཚོ་སྟེ་ བྱག་ཕུག་དེ་ཁར་སོང་བལྟཝ་ད་ མོ་གིས་ རྒྱ་གར་ཨ་ཙཱ་ར་ནག་པོ་བཟུམ་ཅིག་ མཇལ་ནུག་ཟེར་ཨིན་པས།
ཨིན་རུང་ དེ་བསྒང་ མོ་རའི་སེམས་ལུ་ ད་རེས་ ང་ལགཔ་སྟོངམ་འབད་ནི་འདི་གིས་ དེ་བཟུམ་གྱི་ མི་མིན་ ལྷ་མིན་དེ་མཇལ་ནི་ལུ་ རྟེན་འབྲེལ་ཆུང་ནི་ཨིན་མས་ཟེར་ མནོ་བསམ་བཏང་སྟེ་ ནངས་པ་ ཨོམ་དམ་སྦྱིས་གང་འབག་སྟེ་ མཇལ་བར་འགྱོཝ་ད་ ཨྱོན་རིན་པོ་ཆེ་ཐུགས་ག་ཅི་དེ་མཉེས་ཏེ་ བུ་མོ་འདི་ནི་ ང་ལ་མཁོ་བའི་མཁོ་མོ་ཟེར་ རྫོང་ཁ་ནང་འབད་བ་ཅིན་ ང་ལུ་དགོ་པའི་མོ་ཨིན་མས་ཟེར་ གསུངས་ཡོདཔ་ལས་ གཡུས་དེ་གི་མིང་ལུ་ཡང་ མཁོ་མོ་ཟེར་ དར་ཁྱབ་སོང་ཡོད་རུང་ ད་རེས་ནངས་པ་ སྒྲ་ཟུར་ཉམས་ཏེ་ མཁོ་མ་ཟེར་དར་ཁྱབ་སོང་ནུག་ཟེར་ཨིན་པས།
གཡུས་ཚན་དེ་ནང་ལུ་ ཨྱོན་རིན་པོ་ཆེའི་ཐུགས་ཁར་ཚུད་པའི་ བུམོ་མཁའ་འགྲོའི་མཚན་ཉིད་དང་ལྡན་མི་རེ་ རྒྱུན་མ་ཆད་པར་ འཐོན་འོང་ཟེར་གསུངས་ཡོདཔ་སྦེ་ གཡུས་ཁའི་མི་སེར་ཚུ་གིས་ སླབ་དོ་ཡོདཔ་མ་ཚད་ མཁོ་མ་གཡུས་ཚན་གྱི་བུམོ་ཚུ་ འཇའ་རིསམོ་ཡོད་པའི་གུ་ ཐགས་བཟོ་ལ་སོགས་པའི་ལག་བཟོ་ཚུ་ལུ་ མཁས་མི་དེ་ཡང་ གུ་རུ་གིས་ལུང་བསྟན་གནང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
འབྲུག་གི་མི་སེར་ཚུ་ལུ་མ་ཚད་ ཕྱིའི་ལྟ་བཤལཔ་ཚུ་ལུ་ཡང་ ཡོངས་གྲགས་ཅན་ཅིག་ལུ་གྱུར་ཡོད་མི་ མཁོ་མ་གཡུས་ཚན་དེ་ནང་ ཁྱིམ་གུང་པ་༣༠ ལྷགཔ་ཅིག་ཡོདཔ་ད་ མི་སེར་ཚུ་ སྔོན་དང་ཕུ་ལས་ར་ རང་ལུགས་ཀྱི་ ཐགས་བཟོ་ལུ་གཙོ་བོར་བཏོན་སྡོད་ཡོདཔ་མ་ཚད་ ད་ལྟོའི་བར་ན་ཡང་ གཡུས་མི་སོ་ནམ་པ་གིས་མ་ཚད་ སློབ་ཕྲུག་ན་གཞོན་ ཨ་ལུ་ཆུང་ཀུ་ཅིག་ལས་འགོ་བཟུང་ སྐུད་ཤུ་ཐགས་རས་འཐག་ནི་ལུ་དང་འདོད་ཀྱི་ སྲོལ་མ་ཉམས་པར་ ཡོདཔ་ཨིན་པའི་གནས་ཚུལ།


བདེ་ཆེན་ཚེ་རིང་།

No comments:

Post a Comment