གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རེ་ས་གཡུས་ཚན་ནང་ ཚོང་ཁང་ཕུད་རྡོག་གཅིག་ལས་བརྒལ་མེདཔ།

༢༦/༡༠/༢༠༡༢   རེ་ས་ཚོང་ཁང་གིས་ ཉིནམ་རེ་ལུ་ འོང་འབབ་དངུལ་ཀྲམ་༥༠༠ ལས་༡,༠༠༠ གྱི་བར་ན་ བཟོ་ཚུགས་དོ་ཡོདཔ་ཨིན་པས།

༉ སྐྱེས་ལོ་༤༢ ལང་མི་ རིག་འཛིན་གྱིས་ ཁོ་རའི་མི་ཚེ་ནང་ བཟའ་ཚང་འཚོ་སྐྱོང་ ལེགས་ཤོམ་སྦེ་ འཐོབ་ཚུགས་པ་གིས་མ་ཚད་ ཁོ་རའི་ཨ་ལུ་༣ སྒེར་གྱི་སློབ་གྲྭ་ནང་བཙུགས་ནི་ལུ་ ད་ལྟོ་ཚུན་ ཟད་འགྲོའི་དཀའ་ངལ་སྦོམ་ཅིག་ མ་བྱུང་མི་དེ་ཡང་ རེ་ས་གཡུས་ཚན་ནང་ ཁོ་གིས་ལོ་༣ དེ་ཅིག་གི་ཧེ་མ་ལས་ ཚོང་ཁང་ཆུང་ཀུ་ཅིག་ བཙུགས་ཚུགས་མི་ལུ་བརྟེན་ཏེ་ཨིན་པས།
ཉེ་བར་མཁོ་བའི་ བཟའ་ཆས་ཚུ་ བཙོང་མི་རེ་ས་ཚོང་ཁང་།


དེ་ཡང་ མོང་སྒར་རྫོང་ཁག་ ས་གླིང་རྒེད་འོག་ རེ་ས་གཡུས་ཚན་གྱི་ མི་སེར་ཚུ་གི་དོན་ལུ་ ད་ལྟོ་ཚུན་ ཉིན་བསྟར་གྱི་མཁོ་ཆས་ ཚྭ་ཚོ་ཏོ་ཚུ་ ཉོ་དགོ་པ་ཅིན་ རིག་འཛིན་གྱི་ཚོང་ཁང་ནང་ལས་ ཉོ་དགོཔ་ཨིནམ་ད་ གཡུས་ཚན་དེ་ནང་ ཚོང་ཁང་ཕུད་རྡོག་གཅིག་ལས་བརྒལ་ མེདཔ་ཨིན་པས།
མོང་སྒར་རྫོང་ཁག་ ས་གླིང་རྒེད་འོག་ རེ་ས་གཡུས་ཚན་དེ་ རྒྱལ་པོའི་ཞིང་ཁྲོམ་ལས་ ཉིན་ལམ་གཅིག་གི་ ས་ཁར་ཡོདཔ་ད་ ད་ལྟོ་ཚུན་ གཡུས་ཚན་དེ་ནང་ འཁོར་ལམ་གྱི་ཞབས་ཏོག་ཚུ་ ལྷོད་མ་ཚུགས་པར་ཡོདཔ་ལས་ གཡུས་མི་ཚུ་གིས་ ཚོང་གི་གོང་ཚད་ ག་དེམ་ཅིག་ མཐོ་སུ་དང་ དམའ་སུ་ཡོད་རུང་ བྱ་ཐབས་མེད་པར་ རིག་འཛིན་གྱི་ ཚོང་ཁང་ནང་ལས་ ཉོ་དགོཔ་ཐོན་མི་དེ་ཡང་ ཉིནམ་༡ རྐང་སྟོང་སྦེ་ བཟའ་འཐུང་གི་རིགས་ཚུ་ཉོ་བར་ རྒྱལ་པོའི་ཞིང་ལུ་ འགྱོ་དགོ་ནི་དེ་གིས་ཨིན་པས།
ཨེན་ཏ་གིས་བཟོ་ཡོད་པའི་ ཚོང་ཁང་ཆུང་ཀུ་དེ་ནང་ རིག་འཛིན་དང་ ཁོ་རའི་ཨམ་སྲུ་ཉི་མ་གིས་ དྲོ་པ་ཧ་སག་ལོང་སྟེ་ ཚོང་ཕྱམ་ཕྱིམ་རེ་ བཙོང་མི་དེ་གིས་ ཉིན་བསྟར་འོང་འབབ་ དངུལ་ཀྲམ་༥༠༠ ལས་༡,༠༠༠ གྱི་བར་ན་ ཐོབ་ཚུགས་དོ་ཡོདཔ་ད་ དེ་ཡང་ རེ་ས་གཡུས་ཚན་གྱི་ མི་སེར་དང་ རེ་ས་གཡུས་ཚན་བརྒྱུད་དེ་ ཁེངས་གཡུས་ཚན་ཚུ་ནང་འགྱོ་མི་ ལམ་འགྲུལ་པ་ཚུ་ལུ་ ཆང་དང་ ཁ་ཟས་ དེ་ལས་ ཐུག་པ་ཚུ་ བཟོ་བྱིན་དོ་ཡོདཔ་ལས་ ལམ་འགྲུལ་པ་ཚུ་ ཕན་ཐོགས་སྦོམ་བྱུང་སྟེ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཡུས་ཚན་ནང་ ཚོང་ཕྱམ་ཕྱིམ་རེ་ བཙོང་ཚུགས་མི་དེ་གིས་ ད་ལྟོ་ཚུན་ ཟད་འགྲོའི་དཀའ་ངལ་སྦོམ་ཅིག་མ་ཐོན་ཟེར་ཨིནམ་ད་ དེ་ཡང་ གཡུས་ཚན་གྱི་ མི་སེར་ཚུ་དང་ ཕར་ཚུར་འགྱོ་མི་ཚུ་ལུ་ ཁོ་གིས་ བཞེས་སྒོ་དང་ གཞན་ཡང་བཟའ་འཐུང་གི་རིགས་ ཕྱམ་ཕྱིམ་རེ་ བཙོང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ཨིན་རུང་ རིག་འཛིན་གྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཁེངས་ཡངས་བ་རི་ལུ་ འཁོར་ལམ་གྱི་མཐུན་རྐྱེན་མེདཔ་ལས་ ཉེ་བར་མཁོ་བའི་ཅ་ཆས་དང་ བཟའ་འཐུང་གི་རིགས་ཚུ་ ཉོ་བར་འགྱོ་དགོ་པ་ཅིན་ མོང་སྒར་དང་ རྒྱལ་པོའི་ཞིང་ལུ་ འགྱོ་དགོཔ་ལས་ ལམ་དེ་ རེ་ས་གཡུས་ཚན་ལས་ འགྱོ་དགོ་ནི་དེ་གིས་ ཚོང་མགྲོན་པ་ཚུ་ ལེ་ཤ་འོང་ནི་ཡོད་ཟེར་ཨིན་པས།
དེ་བསྒང་ འོང་འབབ་ཡང་ སྦོམ་བཟོ་ཚུགས་རུང་ ད་རེས་ནངས་པ་ ཧེ་མ་དང་ཕྱདཔ་ད་ ཚོང་མགྲོན་པ་ཉུང་སུ་འགྱོ་མི་དེ་ཡང་ ཁེངས་ཡངས་བཱ་རི་ལུ་ འཁོར་ལམ་གྱི་ཞབས་ཏོག་ལྷོད་ཡོདཔ་ལས་ ཁེངས་ཀྱི་མི་སེར་མང་ཤོས་ཅིག་གིས་ བཟའ་འཐུང་ཚུ་ ཡངས་བཱ་རི་ལས་ ཉོ་དོ་ཡོདཔ་ལས་བརྟེན་ ཨིན་ཟེར་ཨིན་པས།
ཚོང་ཁང་དེ་ནང་ ཚྭ་དང་ མར་ཁུ་ གུ་རམ་ ཨོ་ཕྱེ་ ཕྱེ་དེ་ལས་ ཁ་ཟས་ལ་སོགས་པའི་ བཟའ་འཐུང་གི་རིགས་ཚུ་ བཙོང་དོ་ཡོདཔ་ད་ གོང་ཚད་ཡང་ རྒྱལ་པོའི་ཞིང་དང་ མོང་སྒར་ཚོང་ཁང་ཚུ་ལས་ དངུལ་ཀྲམ་༥ དང་༡༠ གྱི་བར་ན་ མཐོ་སུ་སླབ་དོ་ཡོདཔ་ད་ དེ་ཡང་ རེ་ས་ཚུན་ འཁོར་ལམ་མེད་པའི་དཀའ་ངལ་གྱིས་ ཚོང་ཆས་ཚུ་ ད་ལྟོའི་བར་ན་ཡང་ དང་ཕུ་བཟུམ་སྦེ་ མི་དང་ རྟ་གིས་ འབག་བསྐྱལ་དགོཔ་ལས་བརྟེན་ཨིན་པས།
རེ་ས་གཡུས་ཚན་ལས་ སྐྱེས་ལོ་༣༧ ལང་མི་ གསལ་སྒྲོན་གྱིས་ སླབ་མིའི་ནང་ གཡུས་ཚན་དེ་ནང་ ད་ལྟོ་ཚུན་ བཟའ་འཐུང་གི་རིགས་ཚུ་ ག་ཅི་ར་ཉོ་དགོ་རུང་ ཚོང་ཁང་ཅིག་ལས་བརྒལ་མེདཔ་ལས་ ཚོང་གི་གོང་ཚད་ ག་དེམ་ཅིག་མཐོ་རུང་ བྱ་ཐབས་མེད་པར་ ཚོང་ཁང་དེ་ནང་ལས་ར་ ཉོ་དགོཔ་འཐོནམ་མས་ཟེར་ཨིན་པས།
ཚོང་ཁང་དེ་གིས་ གཡུས་ཚན་གྱི་ མི་སེར་ཚུ་གིས་མ་ཚད་ ཕར་ཚུར་ལམ་འགྲུལ་འབད་མི་ ཁེངས་ཀྱི་མི་སེར་ཚུ་ལུ་ཡང་ ཕན་ཐོགས་སྦོམ་བྱུང་སྟེ་ འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༢༨ ལང་མི་ ཡེ་ཤེས་ཀྱིས་ སླབ་མིའི་ནང་ གཡུས་ཚན་དེ་ཡང་ ཚོང་ཁང་ཅིག་ བཙུགས་ཡོད་མི་དེ་གིས་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་མི་དེ་ཡང་ ཧེ་མ་བཟུམ་སྦེ་ ཚྭ་ཅིག་ ཉོ་ནིའི་དོན་ལུ་ རྒྱལ་པོའི་ཞིང་ལུ་ འགྱོ་མ་དགོཔ་ལས་བརྟེན་ཨིན་ཟེར་ཨིནམ་ད་ གལ་སྲིད་ ཚོང་ཁང་དེ་ནང་མེད་པ་ཅིན་ རེ་སའི་མི་སེར་ཚུ་ ཐ་ན་ ཚྭ་ཅིག་ལས་བརྒལ་ཉོ་ནི་མེད་རུང་ རྐང་སྟོང་སྦེ་ རྒྱལ་པོའི་ཞིང་ལུ་ འགྱོ་དགོཔ་ལས་བརྟེན་ སྟབས་མ་བདེཝ་སྦོམ་ཡོད་ཟེར་ཨིན་པས།
ཨིན་རུང་ མི་སེར་མང་ཤོས་ཅིག་གི་ རེ་བ་བསྐྱེད་མི་དང་ གཡུས་ཚན་དེ་ནང་ སོ་ནམ་ཞིང་ལམ་ཅིག་ ད་རེས་ནངས་པ་ སེལ་བའི་བསྒང་ཡོདཔ་ལས་ འཁོར་ལམ་དེ་ ལྷོད་པའི་བསྒང་ལས་ ད་རུང་ ཚོང་ཁང་དག་པ་ཅིག་ བཙུགས་མི་འཐོན་སྲིད་ནི་ཨིནམ་ལས་ བཟའ་འཐུང་ཉོ་ནི་ལུ་ ད་རེས་བཟུམ་ཅིག་ དཀའཝ་སྤྱད་མི་དགོ་ནི་མས་ཟེར་ཨིན་པས།
རེ་ས་གཡུས་ཚན་དེ་ རྒྱལ་པོའི་ཞིང་ཁྲོམ་ལས་ ཉིན་ལམ་༡ གི་ ས་ཁར་ཡོདཔ་ད་ གཡུས་ཚན་དེ་ནང་ ཁྱིམ་གུང་པ་༣༠ ལྷགཔ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment