གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རུང་ བཟོ་སྐྲུན་ས་ཁོངས་ཅིག་ནང་ ལས་མི་༡ ལུ་ རྐྱེན་ངན་བྱུང་ཡོདཔ།

༢༤/༡༠/༢༠༡༢   ༉ འཕྲལ་ཁམས་ཅིག་ཁར་ སྐྱེས་ལོ་༤༠ ལང་མི་ རྒྱ་གར་གྱི་ལས་མི་ཅིག་ ཐིམ་ཕུ་ལུང་བསྟན་ཕུག་གནམ་ཐང་གི་ལྟག་ལུ་ ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ སྒྲིང་ཁྱིམ་ཐོག་ཚད་༤ འབད་མི་ཅིག་གི་གུ་ལས་ འགྱེལ་ཏ་རྐྱབ་སྟེ་ རྦོབ་རིལ་མི་ལུ་བརྟེན་ གཟུགས་ཀྱི་ཡན་ལག་ ལེ་ཤ་ཅིག་ལུ་ གནོད་སྐྱོན་བྱུང་ཡོདཔ་ཨིན་པས།


བྱུང་རྐྱེན་དེ་ དེ་ཚེ་ ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ཁར་ ལས་མི་ཚུ་ག་ར་ རྩི་སའི་སྦྱིས་རྐྱབ་སྡོད་པའི་སྐབས་ བྱུང་ཡོདཔ་ད་ ཉམས་རྒུདཔ་དེ་ དེ་འཕྲས་ལས་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
གསོ་བའི་ལས་བྱེདཔ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་མི་དེ་ ཟ་ལྟབ་དང་ རྐང་ལག་ དེ་ལས་ རྩིབས་སྒྲོ་ཚུ་ བཅགས་དཀྲུམས་བཏང་ནུག་ཟེར་ཨིན་པས།
ཉམས་རྒུད་པའི་ ཕོ་སྤུན་ཅིག་ ཨོ་ལ་ཁ་ལུ་ བཟོ་སྐྲུན་གཞན་ཅིག་ནང་ ལཱ་འབད་དོ་ཡོདཔ་ད་ ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ པུ་ཇ་གསོལ་མཆོད་ཀྱི་ ངལ་གསོ་ལུ་འགྱོ་ནི་ཨིན་རུང་ ཁོ་ལུ་ ཆ་རོགས་འབད་མི་མེདཔ་ལས་ འགྱོ་མ་ཚུགས་ཟེར་ཨིན་པས།
ཉམས་རྒུདཔ་དེ་ ཇོ་བདག་གིས་ ལེགས་ཤོམ་འབད་ར་ བདག་འཛིན་འཐབ་མས་ཟེར་ ཁོ་རའི་ ཕོ་སྤུན་དེ་གིས་ སླབ་ཡོདཔ་མ་ཚད་ ཇོ་བདག་གིས་ ཁོ་རའི་ ཟླ་རིམ་གྱི་ དངུལ་ཕོགས་དང་ རྒུད་འཐུས་ཚུ་ཡང་ སྤྲོད་ནི་ཨིན་ཟེར་ ལས་མིའི་ཁག་འབགཔ་གིས་ བཤདཔ་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༡ ལས་ཚུར་ འཕྲོད་བསྟེན་ཉེན་སྲུང་དང་དམ་འཛིན་ཁ་ཐུག་ལས་ ལས་མི་ཚུ་ལུ་ ཉེན་སྲུང་གི་མཁོ་ཆས་ ཞྭམོ་དང་ བསྡམ་ཐག་ དེ་ལས་ ལྷམ་ཚུ་བྱིན་དགོཔ་ཨིན་རུང་ དེ་ཚུ་ ག་ནི་ཡང་མ་བྱིན་པས་ཟེར་ ལས་མིའི་ཁག་འབགཔ་གིས་ བཤདཔ་ཨིན་པས།
དེ་བཟུམ་གྱི་ རྐྱེན་ངན་བྱུང་མི་དེ་ ད་རེས་ འབདཝ་ད་ ཐེངས་༢ པ་ཨིནམ་བཞིན་དུ་ སྤྱི་ཟླ་༡༠ པའི་ཚེས་༡༠ གྱི་ བྱུང་རྐྱེན་ནང་ སྐྱེས་ལོ་༢༥ ལང་མི་ རྒྱ་གར་གྱི་ ལས་མི་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
རྐྱེན་ངན་དེ་ གཙོ་བོ་ར་ ལས་མིའི་འགོ་དཔོན་ཚུ་གིས་ བཟོ་སྐྲུན་ས་ཁོངས་ནང་ འཕྲོད་བསྟེན་ཉེན་སྲུང་དམ་འཛིན་ནང་ བཀོད་དོ་བཟུམ་སྦེ་ ལག་ལེན་མ་འཐབ་པར་འབདཝ་ད་ བྱུང་དོ་ཡོདཔ་ཨིན་པས།
ལས་མི་ག་ར་ལུ་ རང་དོན་ཉེན་སྲུང་མཁོ་ཆས་ ངེས་པར་དུ་དགོཔ་ཨིནམ་ད་ ལས་མི་ཚུ་གིས་ཡང་ ལག་ཆས་ཚུ་ དགོས་མཁོ་དང་བསྟུན་ཏེ་ ལག་ལེན་འཐབ་དོ་ཡོདཔ་མ་ཚད་ བཟོ་སྐྲུན་གྱི་ལས་མི་ མང་ཤོས་ར་ ཞྭམོ་སེརཔོ་དེ་ ལག་ལེན་འཐབ་སར་ མཐོངམ་ཨིན་པས།
བཟོ་སྐྲུན་གྱི་ལཱ་འབད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་ལུ་ ཞྭམོ་བ་ཁག་ཆེ་བའི་ བསྡམ་ཐག་དང་ ལྷམ་ཚུ་དགོཔ་ཡོད་རུང་ མི་བྱིན་པས་ཟེར་ཨིནམ་ད་ ད་ལྟོ་ ཁོང་ལུ་བྱིན་མི་ ཞྭམོ་ཚུ་ ཇའི་སྒང་ལས་ དངུལ་ཀྲམ་༥༠ དང་༧༠ རེ་སྦེ་ཐོབ་མི་ཚུ་ ཨིན་མས་ཟེར་ ཀུཆ་བི་ཧར་ལས་ཨིན་མི་ ལས་མི་ཅིག་གིས་ སླབ་ཨིན་པས།
ལས་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་ལུ་ ད་ལྟོ་བྱིན་མི་ཞྭམོ་དེ་ ཁོང་རའི་ གཟུགས་ཀྱི་མཐོ་ཚད་ལས་ རྡོ་རུ་འབུད་འོང་རུང་ བཟེད་མ་ཚུགས་པའི་ཁར་ འཇམ་ཏོང་ཏོ་སྦེ་ གག་འགྱོཝ་མས་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ ལས་མི་ཚུ་ ཤི་རྐྱེན་བྱུང་མི་དང་ དབང་པོ་ལུ་སྐྱོན་ཕོག་མི་ཚུ་ མང་ཤོས་ར་ བཟོ་སྐྲུན་ས་ཁོངས་ཚུ་ནང་ བྱུང་དོ་ ཡོདཔ་ད་ ན་ཧིང་གི་ལོ་ནང་ ལས་མི་༣ ལུ་ཤི་རྐྱེན་དང་ རྨ་སྐྱོན་བྱུང་མི་༡༡,༣༣༦ དེ་ཅིག་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཐོ་བཀོད་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༦ ལས་ འཕྲོད་བསྟེན་ཉེན་སྲུང་དམ་འཛིན་དེ་ འཆར་གཞི་བཟོ་ཞིནམ་ལས་ཚུར་ ཤི་རྐྱེན་བྱུང་མི་དང་ དབང་པོ་ལུ་སྐྱོན་ཕོག་མི་ ལས་མི་༨༥ ལུ་ རྒུད་འཐུས་སྤྲོད་ཡོདཔ་ཨིན་པས།
ད་ཚུན་ དེ་དང་འབྲེལ་བའི་བྱུང་རྐྱེན་༨༩ སྙན་ཞུ་འབད་མིའི་ནང་ ལས་མི་༦༢ ལུ་ དབང་པོ་ལུ་ དུམ་གྲ་རེ་ གནོད་སྐྱོན་བྱུང་ཡོདཔ་མ་ཚད་ ལས་མི་༢ ཀྱི་ དབང་པོ་ལུ་བཅོ་ཐབས་མེད་པའི་སྐྱོན་ཕོག་ཡོདཔ་ཨིན་པས།
གལ་སྲིད་ ག་དེམ་ཅིག་སྦེ་ ལས་མི་དེ་ ཤི་སོ་པ་ཅིན་ ལཱ་གཡོག་གི་ཁྲིམས་ལུགས་དང་འཁྲིལ་ རྒུད་འཐུས་དེ་ རྒྱལ་ཡོངས་ཀྱི་དངུལ་ཕོགས་ ཉུང་མཐའ་དང་བསྟུན་ ཉིན་གྲངས་༡,༠༨༠ གི་ གླ་ཆ་སྤྲོད་དགོཔ་ད་ ལོ་༡ ལུ་ ཟླ་རིམ་གྱི་གླ་ཆ་ བརྒྱ་ཆ་༧༠ སྤྲོད་དགོཔ་ཨིན་པས།
དེ་མ་ཚད་ གནོད་སྐྱོན་བྱུང་མི་གིས་ ཁོ་རའི་གླ་ཆ་ག་དེམ་ཅིག་ ཐོབ་དོ་ཡོདཔ་ཨིན་ན་ དེ་དང་འཁྲིལ་ བརྒྱ་ཆ་༧༠ འཐོབ་ནི་ཨིནམ་མ་ཚད་ ཇོ་བདག་གིས་ ལས་མི་དེ་ ལོག་ལཱ་སར་ ཐོན་མ་ཚུགས་ཚུན་ གླ་འཐུས་སྤྲོད་དགོཔ་ཨིནམ་ད་ ཡང་ཅིན་ ལོ་༥ འི་རིང་ གླ་འཐུས་སྤྲོད་དགོཔ་མ་ཚད་ སྨན་བཅོས་ཀྱི་དོན་ལུ་ ཟད་འགྲོ་ག་དེམ་ཅིག་གནས་རུང་ ཇོ་བདག་གིས་ སྤྲོད་དགོཔ་ཨིན་པས།
གལ་སྲིད་ ག་དེམ་ཅིག་སྦེ་ ཇོ་བདག་དེ་གིས་ ལཱ་གཡོགཔ་གི་ ཁྲིམས་ལུགས་ལས་འགལ་སོ་པ་ཅིན་ དབྱེ་རིམ་༥ པའི་ ཉེས་ཆེན་གྱི་ཁྲིམས་ ཕོག་ནི་ཨིན་པས།
བྱུང་རྐྱེན་༢ ཀྱི་སྐོར་ལས་ སྙན་ཞུ་མ་འབད་མི་ལུ་བརྟེན་ ལས་མིའི་འགོ་དཔོན་ཚུ་གིས་ མ་ཤེས་པར་ཡོདཔ་ད་ གལ་སྲིད་ག་དེམ་ཅིག་སྦེ་ དེ་བཟུམ་གྱི་ བྱུང་རྐྱེན་སྐོར་ལས་ སྙན་ཞུ་མ་འབད་བར་ བཞག་པ་ཅིན་ ལཱ་གཡོག་གི་ཁྲིམས་ནང་ བཀོད་དོ་བཟུམ་སྦེ་ ཇོ་བདག་དེ་ལུ་ ཉེས་བྱ་དངུལ་ཀྲམ་༣༦,༠༠༠ ཕོག་ནི་ཨིན་པའི་གནས་ཚུལ།


སངས་རྒྱས་དཔལ་འབྱོར།

No comments:

Post a Comment