གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྱད་ཚད་ཅན་གྱི་སློབ་སྟོན་པའི་སྦྱོང་བརྡར་ འབད་དོ་ཡོདཔ།

༡༠/༡༢/༢༠༡༢   ༉ ཐིམ་ཕུ་ལུ་ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ ལོ་བསྟར་བཞིན་དུ་ ཐིམ་ཕུ་ལིག་དང་ རྒྱལ་ཡོངས་ལིག་ཟེར་ ཕུཊ་བཱོལ་རྩེད་འགྲན་ཚུ་ འགོ་འདྲེན་འཐབ་སྲོལ་ཡོདཔ་བཞིན་དུ་ ད་ལས་ཕར་ འགྲན་བསྡུར་ཚུ་ནང་ བཅའ་མར་གཏོགས་མིའི་སྡེ་ཚུན་ཚུ་གི་དོན་ལུ་ ཨེ་ཨེཕི་སི་ སྡེ་ཚན་ ‘ག’་སྡེའི་ནང་ སར་ཊི་ཕི་ཀེཊི་ ལག་ཁྱེར་འཆང་མི་ སློབ་སྟོན་པ་ཚུ་དགོ་པའི་ ཁྱད་ཚད་ཅིག་བཟོ་ནི་ཨིན་པས།
སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ སློབ་སྟོན་པ་ཚུ།


དེ་ཡང་ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ གནས་ཚད་དེ་གི་དོན་ལུ་ སློབ་སྟོན་པ་ ལེ་ཤ་ཅིག་ལུ་ སྦྱོང་བརྡར་ཚུ་ བྱིན་དོ་ཡོད་མི་དང་འཁྲིལ་ཏེ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེའི་ འཕྲུལ་རིག་མདོ་ཆེན་ སྨིན་དྲུག་རྡོ་རྗེ་གིས་འབད་བ་ཅིན་ ལམ་ལུགས་དེ་ཡང་ དུས་ཅི་ སྤྱི་ཟླ་༡༢ པའི་ཚེས་༡༥ ལས་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ རྒྱལ་ཡོངས་ལིག་ འགྲན་བསྡུར་ འགོ་འདྲེན་འཐབ་མི་ལས་ འགོ་བཙུགས་ནི་ཨིན་ཟེར་ཨིནམ་ད་ སང་ཕོད་ལས་འབད་བ་ཅིན་ ཐིམ་ཕུ་ལིག་འགྲན་བསྡུར་གྱི་དོན་ལུ་ཡང་ ལག་ལེན་འཐབ་ནི་ཨིན་ཟེར་ཨིན་པས།
ཐིམ་ཕུ་ལིག་འགྲན་བསྡུར་ནང་ ཐིམ་ཕུའི་སྡེ་ཚན་ ཀ་སྡེའི་ ཕུཊ་བཱོལ་རྩེད་འགྲན་སྡེ་ཚན་༦ གིས་ བཅའ་མར་གཏོགས་དོ་ཡོདཔ་ད་ རྒྱལ་ཡོངས་ལིག་གི་སྐབས་ ཐིམ་ཕུ་ལིག་དྲག་ཤོས་ སྡེ་ཚན་༣ དང་ རྫོང་ཁག་གཞན་ཚུ་ལས་ དྲག་ཤོས་ཐོན་མི་ སྡེ་ཚན་༣ འབདཝ་ད་ སྡེ་ཚན་༦ གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
སྨིན་དྲུག་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོགས་སྡེ་གིས་ དེ་བཟུམ་མའི་ཁྱད་ཚད་ཚུ་ བཟོ་བའི་སྐབས་ དང་པ་ར་ གནས་ཚད་ཅན་གྱི་ སློབ་སྟོན་པ་ཚུ་ལུ་ སློབ་སྦྱོང་དང་ སློབ་སྟོན་འབད་དེ་ གྱངས་ཁ་ལངམ་བཟོ་ནི་དེ་ ཚོགས་སྡེའི་འགན་ཁུར་ངོ་མ་ཅིག་ཨིནམ་བཞིན་དུ་ དེ་བཟུམ་མའི་ སྦྱོང་བརྡར་ལས་རིམ་ཚུ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
དེ་དང་འཁྲིལ་ དུས་ཅི་གི་ ཨེ་ཨེཕི་སི་ སྡེ་ཚན་ ‘ག’སྡེའི་ སར་ཊི་ཕི་ཀེཊ་གནས་རིམ་གྱི་ སྦྱོང་བརྡར་ལས་རིམ་དེ་ དགེ་ལེགས་ཕུག་ དཔལ་རི་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་ནང་ ཧེ་མ་ལས་ ཀཱ་ལབ་ཚུ་ནང་ ལཱ་འབད་མི་དང་ སློབ་གྲྭའི་རྩེད་རིགས་སློབ་སྟོན་པ དེ་ལས་ སློབ་གྲྭའི་སློབ་དཔོན་ཚུ་རྩིས་ཏེ་ མི་གྲངས་༢༠ གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ལུ་ སྦྱོང་བརྡར་འགོ་འདྲེན་འཐབ་མི་ མོང་སྒར་འབྲུག་ཕུཊ་བཱོལ་ཚོགས་སྡེའི་ སློབ་སྟོན་མཁས་མཆོག་ བཙན་སྐྱོགས་རྡོ་རྗེ་གིས་ སླབ་མིའི་ནང་ མ་གཞི་ སྦྱོང་བརྡར་ལས་རིམ་གྱི་དོན་ལུ་ ལོ་ཨ་རྟག་ར་ སློབ་སྟོན་འབད་མི་ ཕྱི་རྒྱལ་ཁབ་ཚུ་ནང་ལས་ འབོ་དགོཔ་ཨིན་རུང་ དུས་ཅི་ལས་ ཁྱད་ཚད་ལྡན་པའི་ འབྲུག་པའི་སློབ་སྟོན་པ་ཅིག་གིས་ སློབ་སྟོན་འབད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ཟླ་༡༢ པའི་ཚེས་༥ ལས་འགོ་བཙུགས་མི་ སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ལུ་ དྲོ་པ་ཡིག་ཐོག་ལུ་དང་ ཉིན་མར་ ལག་ལེན་དངོས་ལྟར་ཐོག་ལས་སྦེ་ སྦྱོང་བརྡར་ཚུ་ བྱིན་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཅའ་མར་གཏོགས་མི་ཚུ་ ཧེ་མ་ལས་ར་ ལཱ་འབད་སྡོད་མི་ཨིནམ་ལས་ སྦྱོང་བརྡར་དེ་གིས་ ཁོང་ལུ་ རྩེད་རིགས་ཀྱི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ཚུགསཔ་བཟོ་ཚུགས་ནི་གིས་མ་ཚད་ ཚོགས་སྡེའི་མི་སྟོབས་ གོང་འཕེལ་གཏང་ནི་ལུ་ཡང་ ཕན་ཐོགས་འོང་ཟེར་ཨིན་པས།
ཨེ་ཨེཕ་སི་ སྡེ་ཚན་ ‘ག’སྡེའི་ སར་ཊི་ཕི་ཀེཊི་སྦྱོང་བརྡར་སློབ་སྟོན་པ་ ཆོས་སྐྱིད་ཉི་མ་གིས་འབད་བ་ཅིན་ སྦྱོང་བརྡར་བ་ཚུ་གིས་ གནས་རིམ་དེ་གི་ ལག་ཁྱེར་ཐོབ་ནིའི་དོན་ལུ་ ཆོས་རྒྱུགས་ཁག་༦ རྐྱབ་དགོཔ་ཡོདཔ་ད་ མཐར་འཁྱོལ་བྱུང་མི་ཚུ་ལུ་ མ་ལེ་ཤི་ཡ་རྒྱལ་ཁབ་ནང་ཡོད་པའི་ ཨེ་ཨེཕ་སི་ཡིག་ཚང་གིས་ ལག་ཁྱེར་ཚུ་ སྤྲོད་དོ་ཟེར་ཨིན་པས།
ད་རེས་ཀྱི་སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ཚུ་ལུ་ རྩེད་རིག་ཕུཊ་བཱོལ་གྱི་ སློབ་སྟོན་རིག་པ་ཚུ་གི་སྐོར་ལས་ སྦྱོང་བརྡར་འབད་དོ་ཟེར་ཨིན་པས།
སྨིན་དྲུག་རྡོ་རྗེ་གིས་ ཀུན་གསལ་ལུ་ འགྲུལ་འཕྲིན་ཐོག་ལས་བཤད་མིའི་ནང་ ད་ལྟོ་ཚུན་ལུ་ རྒྱལ་ཁབ་ནང་ གནས་ཚད་དེ་གི་ལག་ཁྱེར་ཡོད་མི་ སློབ་སྟོན་པ་༦༠ དེ་ཅིག་ཡོད་ཟེར་ཨིནམ་ད་ འགྲོས་ཀྱིས་སྦེ་ ཐིམ་ཕུ་ལིག་དང་ རྒྱལ་ཡོངས་ལིག་ཚུ་ནང་ བཅའ་མར་གཏོགས་མི་སྡེ་ཚན་གྱི་ སློབ་སྟོན་པའི་གནས་ཚད་དེ་ཡང་ སྡེ་ཚན་ཁ་པ་ལུ་ ཡར་སེང་འབད་འོང་ཟེར་ཨིན་པས།
འགོ་འདྲེན་འཐབ་མི་ སྦྱོང་བརྡར་ལས་རིམ་དེ་ སྤྱི་ཟླ་༡༢ པའི་ཚེས་༡༨ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།



ཉི་མ་དབང་འདུས།

No comments:

Post a Comment