གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་རྗེས་སྒང་ལུ་ ཚལ་ལུ་ཤིང་ཚུ་ སྐམ་སོང་མི་ལུ་ཚ་གྱང་།

༡༠/༡༢/༢༠༡༢   ནད་ཟུན་མི་ཚལ་ལུ་ཤིང་ཚུ་ ངེས་པར་དུ་ ར་འབལ་གཏང་དགོཔ་མ་ཚད་ ཤིང་ཚབ་ཚུ་ཡང་ ལོ་༢ དེ་ཅིག་གི་ རྒྱབ་ལས་རྐྱངམ་གཅིག་ བཙུགས་དགོ་ཟེར་ཨིན་པས།
  ༉ དར་དཀར་ནང་རྫོང་ཁག་ འབྲུག་རྗེས་སྒང་རྒེད་འོག་ནང་ ད་རེས་ནངས་པ་ ཚལ་ལུ་བཏོག་ནིའི་ དུས་ཚོད་ཨིནམ་བཞིན་དུ་ ཚལ་ལུའི་ཐོན་ཤུགས་ལེགས་མི་ཚུ་ལུ་ དགའ་སྤྲོ་བྱུང་ཡོདཔ་ཨིན་རུང་ ཞིང་པ་ལ་ལུ་ཅིག་ སེམས་ཕམ་བྱུང་མི་དེ་ཡང་ ཁོང་གི་ཚལ་ལུ་ཤིང་ཚུ་ སྐམ་སོང་སྟེ་ ཐོན་སྐྱེད་མར་བབས་འགྱོ་མི་ལུ་ བརྟེན་ཨིན་པས།
འབྲུག་རྗེས་སྒང་རྒེད་འོག་ནང་ ཚལ་ལུའི་ཐོན་ཤུགས་ལེགས་ཤོམ་ཡོད་རུང་ ཚལ་ཤིང་ཚུ་སྐམ་འགྱོ་དོ་ཡོད་པའི་མཐོང་སྣང་།


ཚལ་ལུ་ཤིང་ སྐམ་སོང་མི་ཚུ་གི་གྲས་ལས་ གཅིག་ སྤང་ནང་སྤྱི་འོག་ནང་ལས་ སྐྱེས་ལོ་༧༧ ལང་མི་ གང་ཅུ་ཨིནམ་ད་ ཁོ་གི་ ས་ཆ་ཨེ་ཀར་ལྷགཔ་ཅིག་ནང་ལས་ འཕྲལ་ཁམས་ཅིག་ཁར་ ཚལ་ལུ་ཤིང་༤༠ ལྷགཔ་ཅིག་ ནད་འབུབ་ཟུན་ཏེ་ཤི་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཚལ་ལུ་ལྡུམ་ར་ནང་ལས་ ཚལ་ལུ་སྣུམ་འཁོར་ཌི་སི་ཨེམ་དོས་༢ དེ་ཅིག་ ཐོན་སྐྱེད་འབད་དོ་ཡོད་མི་དེ་ དུས་ཅི་ ཕྱེད་ཀ་ལྷགཔ་ཅིག་ མར་འབབ་འགྱོ་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཚལ་ལུ་ཤིང་ཤི་མི་ཅིག་ རྒེད་འོག་ནང་ ཚལ་ལུའི་ལྡུམ་ར་ སྦོམ་ཡོད་མི་ཚུ་གི་གྲས་ལས་ སྤང་ནང་སྤྱི་འོག་ནང་ལས་ར་ཨིན་མི་ ཆོས་སྒྲོན་ཨིནམ་ད་ མོ་གི་ ས་ཆ་ཨེ་ཀར་༤ དེ་ཅིག་ནང་ ཚལ་ལུ་ཤིང་ཡོད་ས་ལས་ ཚལ་ལུ་ཤིང་མང་ཤོས་ར་ ཤི་ཡོད་མི་ལུ་བརྟེན་ ཧེ་མ་ ལོ་རེ་ནང་ ཚལ་ལུ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་༨༠,༠༠༠ དང་༡༥༠,༠༠༠ དེ་ཅིག་གི་བར་ན་ ཐོན་སྐྱེད་འབད་དོ་ཡོད་མི་དེ་ དུས་ཅི་ དངུལ་ཀྲམ་༤༠,༠༠༠ དེ་ཅིག་ འཐོབ་འོང་ག་མནོ་བའི་ ཚ་གྱང་ཡོད་ཟེར་ཨིན་པས།
ཚལ་ལུ་ཤིང་ཚུ་ ལོ་གཅིག་བ་ལོ་གཅིག་ མང་སུ་མང་སུ་སྦེ་ སྐམ་འགྱོ་ནི་འགོ་བཙུགས་དོ་ཡོདཔ་ལས་ ང་བཅས་ཀྱི་ འོང་འབབ་ཀྱི་འབྱུང་གནས་གཙོ་ཅན་ཅིག་ཨིན་མི་ལུ་ གནོད་པ་སྦོམ་རྐྱབ་དོ་ཡོདཔ་ལས་ ཐབས་ཤེས་ཚུ་བཏོན་ནིའི་དུས་ཚོད་ ན་ཐན་རན་ཡི་ཟེར་ཨིན་པས།
རྒེད་འོག་ནང་ ཚལ་ལུ་ཤིང་ཤི་མི་དེ་ ཁོང་༢ རྐྱངམ་གཅིག་མེན་པར་ དེ་བཟུམ་སྦེ་ ད་རུང་ རྒེད་འོག་ནང་གི་ སྤང་སེར་བུ་དང་ སྤང་ནང་ དེ་ལས་ ཐང་ནང་སྤྱི་འོག་༣ གྱི་ མི་སེར་མང་ཤོས་ཅིག་གི་ ཚལ་ཤིང་ཚུ་ ཤི་ནི་འགོ་བཙུགས་ཡོདཔ་ཨིན་པས།
སོ་ནམ་ལས་ཁུངས་ཀྱི་ སྤྱི་ལོ་༢༠༠༩ གི་ རྩིས་ཐོ་དང་འཁྲིལཝ་ད་ འབྲུག་རྗེས་སྒང་རྒེད་འོག་ནང་ བསྡོམས་ཀྱིས་ ཚལ་ལུ་ཤིང་༥༦,༦༠༠ ཡོད་མི་དེ་ དར་དཀར་ནང་རྫོང་ཁག་ནང་ རྒེད་འོག་༡༤ ཡོད་ས་ལས་ མཐོ་ཤོས་ཅིག་ཨིན་པས།
ཨིན་རུང་ འདས་པའི་ལོ་ངོ་དག་པ་ཅིག་གི་ ནང་འཁོད་ལུ་ ཚལ་ལུ་ཤིང་༩,༠༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་བའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
དེ་འབདཝ་ལས་བརྟེན་ འཕྲལ་ཁམས་ཅིག་ཁར་ ཚལ་ལུའི་དཔེ་ཚད་ཚུ་ བརྟག་དཔྱད་འབད་བའི་སྐབས་ ཚལ་ལུ་ཤིང་ཚུ་ཡང་ སི་ཊ་རཱསི་ གི་རི་ནིང་ཟེར་མི་ འགོ་དང་པ་ རྒྱ་ནག་ལས་ཁྱབ་སྤེལ་འབད་མི་ ཚལ་ལུའི་ནད་འབུབ་ཚུ་ལུ་བརྟེན་ ཤི་དོ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
དེ་ལུ་ ད་རེས་ དབང་འདུས་བ་འཇོ་ལུ་ཡོད་པའི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ ཞིབ་འཚོལ་ལྟེ་བ་དང་ རྒེད་འོག་བདག་སྐྱོང་༢ མཉམ་འབྲེལ་ཐོག་ལས་ ཐབས་ལམ་ཚུ་བཏོན་ནི་ཨིན་ཟེར་ ཞིབ་འཚོལ་ལྟེ་བའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཞིབ་འཚོལ་འགོ་དཔོན་ཚུ་དང་འཁྲིལཝ་ད་ ཐབས་ཤེས་ཚུ་ཡང་ འཛིན་སྐྱོང་ཁག་༣ གྱི་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་ཡང་ དང་པར་དུ་ སྨན་གཏོར་ནི་དང་ འཚོ་བཅུད་ དེ་ལས་ ཚུལ་མཐུན་ཞལ་ལག་བཏོག་ཐོག་ལས་ འཛིན་སྐྱོང་འཐབ་ནི་ཨིན་པས།
རྩི་རང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ ཡན་ལག་ཞིབ་འཚོལ་ལྟེ་བའི་ ཞིབ་འཚོལ་འགོ་དཔོན་གོང་མ་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ཚལ་ལུའི་ཤིང་ཚུ་ སི་ཊ་རཱསི་ གི་རི་ནིང་ཟེར་མི་ ཤིང་གི་སྡོང་བུ་གུ་ གནོད་པ་རྐྱབ་སྟེ་ ཤིང་སྐམ་བཅུག་སྟེ་ ཤི་མིའི་ནད་ཀྱིས་ ཟུན་ནུག་ཟེར་ཨིནམ་ད་ མི་སེར་ཚུ་གིས་ ཐོན་སྐྱེད་ཡར་དྲག་གཏང་ནིའི་དོན་ལུ་ ཐབས་ཤེས་ཚུ་བཏོནམ་དང་འབྲེལ་ འཛིན་སྐྱོང་གི་ལཱ་ཚུ་ ཤུལ་མའི་བདུན་ཕྲག་ནང་ལས་ འགོ་བཙུགས་ནི་ཨིན་ཟེར་ཨིན་པས།
“ཁོ་གིས་ སླབ་མིའི་ནང་ ནད་ཟུན་མི་ཚལ་ལུ་ཤིང་ཚུ་ ཨིན་ཅི་མིན་ཅི་ རྩ་བ་ལས་ ར་འབལ་བཀོ་དགོཔ་མ་ཚད་ དེ་གི་ཤིང་ཚབ་ཚུ་ཡང་ ལོ་༢ དེ་ཅིག་གི་ རྒྱབ་ལས་རྐྱངམ་གཅིག་ བཙུགས་དགོ་ཟེར་ཨིན་པས།”
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཛིན་སྐྱོང་གི་ལཱ་ཚུ་ཡང་ རྒེད་འོག་ནང་ བསྡོམས་ཀྱིས་ ཁྱིམ་གུང་༤༣༠ ཡོད་ས་ལས་ ཚལ་ལུ་ཤིང་ཡོད་མི་ ཁྱིམ་གུང་༣༢༡ ཡོད་མི་ཆ་མཉམ་གྱིས་ མཉམ་འབྲེལ་ཐོག་ལས་འབད་ནི་ཟེར་ཨིནམ་ད་ ཞིབ་འཚོལ་ལྟེ་བ་ལས་ ཁྱད་རིག་གི་རྒྱབ་སྐྱོར་རྐྱངམ་གཅིག་ བྱིན་ནི་ཨིན་ཟེར་ཨིན་པས།
འཛིན་སྐྱོང་གི་ ལཱ་ཚུ་གི་གྲས་ལས་ མི་སེར་ཚུ་ལུ་ གནོད་པ་མ་བྱུང་མི་ཤིང་ཚུ་ལུ་ ནད་འབུབ་སྤེལ་ནི་ལས་ བཀག་ཐབས་ཀྱི་དོན་ལུ་ དུས་ཚོད་ཁར་ སྨན་གཏོར་ནི་དང་ ཚལ་ལུའི་ཤིང་སྐྱོ་དྲགས་འབད་ཡོད་མི་ཚུ་ལུ་ ལུད་བླུག་ནི་ ཞལ་ལག་ཚུ་ རིངམོ་འགྱོ་མ་བཅུག་པར་ བཏོགས་ཏེ་འབད་ནི་ཨིན་པས།
ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ འདི་བཟུམ་གྱི་ལས་རིམ་དེ་ རྒྱལ་ཁབ་ནང་ འགོ་དང་པ་ཨིནམ་ད་ ལྟེ་བ་གིས་ འགོ་ཐོག་ལུ་ སྦྱོང་བརྡར་ཚུ་བྱིན་ཏེ་ ལྟ་རྟོག་འབད་ནི་དང་ ལོ་ངོ་དག་པ་ཅིག་གི་ནང་འཁོད་ལུ་ ཁྱད་པར་ཚུ་ ག་དེ་སྦེ་ཆགསཔ་མས་ག་ བལྟ་ནི་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཛིན་སྐྱོང་ལུ་ གཙོ་བོར་བཏོན་པ་ཅིན་ ཐོན་ཤུགས་ཡར་དྲག་འགྱོ་ཚུགས་པའི་རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།



 
འབྲུག་རྗེས་སྒང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment