གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གདུང་བསམ་རྩི་ས་ལས་འགུལ་གྱི་ལཱ་ ཐེངས་༤ ཕར་འགྱངས་འབད་ཡོདཔ།

༡༤/༡༢/༢༠༡༢   ༉ པདྨ་དགའ་ཚལ་ གདུང་བསམ་རྩི་ས་ལས་འགུལ་གྱིས་ སྤྱི་ཟླ་༡༢ པའི་ཚེས་༡༥ ལུ་ རྩི་སའི་འཕྲུལ་ཆས་ཀི་ལིང་ཀར་ ཟེར་མི་ གཞི་བཙུགས་འབད་ཚུགསཔ་སྦེ་སླབ་ཡོད་རུང་ ཞག་དུས་བྱིན་མི་ལས་ ད་རེས་ཀྱི་རྩིསཝ་ད་ ཚར་༤ ཕར་ཕུད་རྐྱབ་དགོཔ་འབྱུང་ནི་ཨིན་པས།


དེ་ཡང་ རྩི་སའི་འཕྲུལ་ཆས་ ཀི་ལིང་ཀར་ཟེར་མི་དེ་ སྤྱི་ཟླ་༡༢ པའི་ཚེས་༡༥ ལུ་ གཞི་བཙུགས་འབད་ཚུགསཔ་སྦེ་ དུས་ཚོད་བཟོ་མི་དེ་ སང་ཕོད་ སྤྱི་ཟླ་༥ པའི་ཚེས་༡༥ ལུ་མ་གཏོགས་ ཚུད་མི་ཚུགས་ནི་ཨིན་པས།
ད་ལྟོ་ལཱ་གི་གྲུབ་འབྲས་དང་འཁྲིལ་བ་ཅིན་ ལས་འགུལ་གྱི་ལཱ་ སྒྲིང་ཁྱིམ་ནང་ འཕྲུལ་ཆས་བཙུགས་ནི་ཚུ་འབདཝ་ད་ལུ་ ལཱ་བརྒྱ་ཆ་༩༧.༣༥ དེ་ཅིག་ སྒྲུབ་ཡོདཔ་ཨིན་པས།
ལས་འགུལ་འདི་གིས་ སྤྱི་ལོ་༢༠༡༡ སྤྱི་ཟླ་༡༠ པ་དང་ སྤྱི་ལོ་༢༠༡༢ ཟླཝ་༣ པ་ དེ་ལས་ སྤྱི་ལོ་༢༠༡༢ ཟླཝ་༧ པ་འབདཝ་ད་ གདུང་བསམ་རྩི་ས་ལས་འགུལ་གྱིས་ ཞག་དུས་ཚར་༣ བྱིན་མིའི་ནང་ ལཱ་མཇུག་བསྡུ་མ་ཚུགས་པས།
དུས་ཚོད་ཁར་ ལཱ་འགོ་བཙུགས་མ་ཚུགས་མི་དེ་ཡང་ བཟོ་སྐྲུན་གྱི་ལས་བྱེདཔ་ཚུ་ ཐོབ་མ་ཚུགས་པའི་དཀལ་ངལ་དང་ གནམ་བྱཱར་ཆར་ཆུ་ དེ་ལས་ རྒྱ་གར་གྱི་ས་མཚམས་ནང་ ངོ་རྒོལ་འགྲེམ་སྟོན་ཚུ་ལུ་བརྟེན་ ཨིན་ཟེར་ཨིན་པས།
གདུང་བསམ་རྩི་ས་ལས་སྡེ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ རྡོ་རྗེ་ནོར་བུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བརྟག་དཔྱད་དང་ གཞི་བཙུགས་འབད་ནིའི་དོན་ལུ་ བཟོ་རིག་འགོ་དཔོན་ཚུ་གིས་ འཕྲུལ་ཆས་ཚུ་ བརྟག་དཔྱད་འབད་དགོཔ་ཡོད་ཟེར་ཨིན་པས།
བརྟག་དཔྱད་དང་ ལཱ་འགོ་བཙུགས་ནིའི་དོན་ལུ་ མཁས་རིག་ལྡན་པའི་བཟོ་རིག་འགོ་དཔོན་འཚོལ་དོ་ཡོདཔ་ལས་ བཟོ་རིག་འགོ་དཔོན་༢༦ རྒྱ་གར་རྒྱལ་ཁབ་ནང་ལས་ཨིནམ་ད་ བཟོ་རིག་འགོ་དཔོན་༣ ཡུ་རོཔ་རྒྱལ་ཁབ་ནང་ལས་ འཚོལ་དགོ་ནི་དེ་གིས་ དུས་ཚོད་འགོརཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཕྲུལ་ཆས་བརྟག་དཔྱད་འབད་བའི་སྐབས་ ལ་ལུ་ཅིག་ གཡོག་བཀོལ་མ་བཏུབ་ཐོན་ཡོདཔ་ལས་ བཟོ་རིག་འགོ་དཔོན་ཚུ་གིས་ སོར་དགོཔ་སྦེ་སླབ་ལས་ དེ་ཚུ་ ལོག་བཀལ་བཏང་དགོཔ་ ཐོནམ་མས་ཟེར་ཨིན་པས།
བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་འབད་བ་ཅིན་ རྩི་སའི་འཕྲུལ་ཆས་བཟོ་ནི་དེ་ ཡང་ཅིན་ བདུན་ཕྲག་༡ གི་ནང་འཁོད་ལུ་ཡང་ བཟོ་ཚུགས་ནི་ཨིནམ་ད་ ཡང་ཅིན་ ཟླཝ་༡ ལྷག་སྟེ་ཡང་ འགོར་ནི་འོང་ཟེར་ཨིན་པས།
ལས་འགུལ་ནང་་ ད་ལྟོ་རིག་རྩལ་ཅན་གྱི་ལས་བྱེདཔ་༡,༣༣༦ དེ་ཅིག་ཡོདཔ་ད་ ལས་འགུལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ལས་བྱེདཔ་ལང་སྦེ་ཡོད་ཟེར་སླབ་རུང་ ལཱ་གི་ས་ཁོངས་ནང་ གློག་མེ་བཙུགས་ནི་དང་ འཕྲུལ་ཆས་གཞན་མི་ བཙུགས་སྒྲིག་འབད་ནི་ཚུ་ནང་ ལས་བྱེདཔ་ལངམ་མེད་པའི་དཀའ་ངལ་ཡོདཔ་ཨིན་པས།
བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ རྡོ་རྗེ་ནོར་བུ་གིས་ ལས་འགུལ་འགོ་བཙུགས་ནི་ ཕྱིས་དགོ་པའི་གནད་དོན་དེ་ཡང་ རྒྱ་གར་གྱི་ས་མཚམས་ ཨ་སམ་ལུ་ འཕྲལ་འཕྲལ་སྦེ་ར་ ངོ་རྒོལ་འགྲེམ་སྟོན་འབད་མི་ལུ་བརྟེན་ ལས་བྱེདཔ་འཚོལ་ནི་དང་ རྒྱ་གར་ ཀོལ་ཀ་ཏ་ལས་ ཅ་ཆས་ཚུ་ བསྡུ་སྒྲིག་འབད་ནིའི་ནང་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
རྒྱ་གར་ལུ་ ངོ་རྒོལ་འགྲེམ་སྟོན་གྱིས་མ་ཚད་པར་ གནམ་བྱཱར་གྱི་སྐབས་ལུ་ ཆར་ཆུའི་རྐྱེན་གྱིས་ ལཱ་འབད་ནི་ནང་ གནོད་སྐྱོན་སྦོམ་སྦེ་རང་ རྐྱབ་ཡོདཔ་མ་ཚད་ འཁོར་ལམ་ཆད་ནི་དེ་གིས་ཡང་ ལཱ་ཚུ་དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་ཟེར་ཨིན་པས།
གདུང་བསམ་རྩི་ས་ལས་འགུལ་གྱི་ལཱ་མཇུག་བསྡུ་བའི་བསྒང་ལས་ ལཱ་གཡོག་༢,༠༠༠ དེ་ཅིག་ སྤྲོད་ཚུགས་ནི་ཨིནམ་མ་ཚད་ ཉིནམ་རེ་ནང་ རྩི་ས་མེ་ཊིག་ཊོན་༤,༡༣༠ བཏོན་ཚུགས་ནི་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment