གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྡོ་སྐྱོང་ལ་ འབྲུག་དབང་རྒྱལ་ཚེས་བཅུ་ ཐེངས་༢ པ་བརྩི་སྲུང་།

༡༤/༡༢/༢༠༡༢   ༉ ཁ་ཙ་ རྡོ་སྐྱོང་ལ་ལུ་སྦེ་ འབྲུག་དབང་རྒྱལ་ཚེས་བཅུ་ཐེངས་༢ པ་ བརྩི་སྲུང་ཞུ་བའི་སྐབས་ དྲོ་བ་གྱང་བསིལ་ཆེ་དྲགས་ཡོད་རུང་ ཉིན་མ་གནམ་གཤིས་ལེགས་ཤོམ་བཟང་ཡོད་མི་དང་བསྟུན་ ལྟདམོ་ལེགས་ཤོམ་མཇལ་ཡོདཔ་ལས་ བསམ་པ་རྫོགས་ཡོདཔ་ཨིན་པས།


རྡོ་སྐྱོང་ལ་འབྲུག་དབང་རྒྱལ་ལྷ་ཁང་གི་ གདོང་ཕྱོགས་ཚེས་བཅུ་སྤང་ནང་ དུས་ཡུན་ཆུ་ཚོད་༤ ལྷགཔ་ཅིག་གི་རིང་ གར་འཆམ་ཚུ་ གསར་བརྩམས་འབད་དེ་ རྒྱལ་རབས་དང་ གནའ་གཏམ་སླ་བསྲེས་ཐོག་ལས་ སྤྱན་འབུལ་ཞུ་མི་གིས་ དུས་སྟོན་མཇལ་བར་ མི་སེར་བརྒྱ་ལས་བཅད་དེ་སྤུངས་འཛོམས་འབད་ཡི།
སྤྱི་ལོ་༢༠༡༡ སྤྱི་ཟླ་༡༢ པའི་ཚེས་༡༣ ལུ་ འབྲུག་དབང་རྒྱལ་ཚེས་བཅུའི་སྐབས་ལུ་ སྤྱན་འབུལ་ཞུ་དོ་བཟུམ་སྦེ་ དུས་ཅི་ཡང་ འབྲུག་གི་བསྟན་སྲུང་དམག་སྡེ་གིས་ རྒད་པོ་དང་རྒད་མོའི་འཆམ་ རྗེ་བཙུན་མི་ལ་རས་པ་དང་ བྲག་སྲིན་མོ་ལྔ་ཡིས་ཆོ་འཕྲུལ་སྟོན་པའི་འཆམ་ ཚེ་རིང་མཆེད་ལྔའི་འཆམ་ཚུ་ གདུང་དང་ རྒྱ་གླིང་ རོལམོ་ བང་རྔ་ཚུ་གི་ སྒྲ་དབྱངས་དང་བཅསཔ་སྦེ་ སྤྱན་འབུལ་ཞུ་ཡོདཔ་མ་ཚད་ དཔའ་བོ་དམག་ལུ་བྱོན་པའི་འཆམ་དང་ དཔའ་བོ་དམག་འཆམ་ དེ་ལས་ དཔའ་བོ་གཡུལ་ལས་རྒྱལ་བའི་འཆམ་ཚུ་ སྤྱན་འབུལ་ཞུ་ཡི།
དུས་སྟོན་གྱི་མདོ་ཆེན་ དྲག་ཤོས་ཀརྨ་ཨུ་ར་གིས་ དུས་སྟོན་སྐོར་ལས་ དེབ་ཆུང་ཅིག་པར་སྐྲུན་འབད་མིའི་ནང་ ཁོ་གིས་བརྩམས་མི་ བྲོ་དང་གར་འཆམ་གྱི་ ཁུངས་དང་དགོས་པ་ཚུ་ ཁ་གསལ་སྦེ་བཀོད་བཀོདཔ་མེད་རུང་ དཔའ་འདུལ་གྱི་འཆམ་དང་ འདྲེ་སྲིན་འཆམ་གྱི་ལེའུ་ཚུ་གི་སྐོར་ལས་ ཞིབ་འཚོལ་འབད་དེ་ སྔོན་དང་ཕུ་ལས་ཡོད་པའི་ གར་འཆམ་ཚུ་ལུ་གཞི་བཞག་སྟེ་ རྩོམ་སྒྲིག་འབད་ཡོདཔ་བཞིན་དུ་ ཕྱོགས་མཚུངས་པའི་ འཛམ་གླིང་རྒྱལ་ཁབ་གཞན་ཁར་ དར་ཁྱབ་ཡོད་པའི་ བྲོ་འཆམ་ཚུ་ལུ་ གཞིར་བཞག་ཐོག་ལས་ མཛད་ནུག།
ལྟདམོ་ལྟ་བར་འོང་མི་མང་ཆེ་ཤོས་ཅིག་ར་ དུས་ཡུན་ཆུ་ཚོད་༡ གི་རིང་ལུ་ རྗེ་བཙུན་མི་ལ་རས་པའི་ མཛད་རྣམ་གྱི་ སྐུ་འཆམ་ཕུལ་མི་ཚུ་ལུ་ལྟ་སྟེ་ ཧ་ལས་ཡོདཔ་ད་ དེ་ཡང་ ལ་མཐོ་སར་ གྱང་བསིལ་ཆེ་བའི་ནང་ རྩ་འགེངས་ཏེ་འཆམ་རྐྱབ་མི་ལུ་བརྟེན་ཨིན་པས།
གཞུང་དགེ་འདུན་གྲྭ་ཚང་གི་ཁ་ཐུག་ལས་ ལྷ་སྲིན་སྡེ་བརྒྱད་ མ་ཟ་དམ་གསུམ་དང་ མ་མགོན་ལྕམ་དྲལ་གསུམ་གྱི་སྐུ་འཆམ་དང་ ལས་མགོན་བྱ་རོག་གདོང་ཅན་གྱི་སྐུ་འཆམ་ཚུ་ གནང་ཡོདཔ་མ་ཚད་ རྒྱལ་གཞུང་འཆམ་དང་ཟློས་གར་སྡེ་ཚན་གྱིས་ རང་ལུགས་ཀྱི་ ཞབས་བྲོ་ཚུ་སྤྱན་འབུལ་ཞུ་ཡི།
ཚེས་བཅུ་མཇལ་བར་འོང་མི་ཚུ་གི་གྲས་ལས་ སྤ་རོ་སློབ་དཔོན་སློབ་སྦྱོང་ལྟེ་བ་ལས་མཐར་འཁྱོལ་མི་ སངས་རྒྱས་ཡེ་ཤེས་ཀྱིས་ སླབ་མི་དང་འཁྲིལཝ་ད་ བྲོ་དང་གར་འཆམ་ཚུ་མཇལཝ་ད་ལུ་ སྤྱིརབཏང་གར་འཆམ་ཚུ་དང་དུམ་གྲ་ཅིག་ མི་འདྲ་བས་ཟེར་ཨིན་པས།
དར་དཀར་ན་རྫོང་ཁག་ལས་ སྐྱེས་ལོ་༤༢ འབད་མི་ སྲིད་ཐོས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འགོ་ཐོག་གཞི་བཙུགས་མཛད་པའི་སྐབས་ མཇལ་ནིའི་གོ་སྐབས་འཐོབ་མ་ཚུགས་རུང་ དུས་ཅི་ གོ་སྐབས་ལེགས་ཤོམ་ཐོབ་ཚུགས་མི་ལུ་ བསམ་པ་རྫོགས་ཅི་ཟེར་ཨིན་པས།
ཆུ་ཁ་རྫོང་ཁག་ལས་ ཚེས་བཅུ་མཇལ་ནིའི་དོན་ལུ་ དྲོ་པ་ཧ་སག་འོང་ཡོད་རུང་ རྡོ་སྐྱོང་ལ་ལུ་ ཆུ་ཚོད་ཕྱེད་དང་༡ ལུ་ལས་བརྒལ་ལྷོད་མ་ཚུགསཔ་ལས་ དྲོ་བའི་སྐུ་འཆམ་ཚུ་མཇལ་མ་ཚུགསཔ་མ་ཚད་ བྲོ་དང་གར་འཆམ་ཚུ་ཡང་ མཇལ་མ་ཚུགས་རུང་ དཔའ་བོ་དམག་ལུ་བྱོན་ཚུལ་དང་ དམག་ལས་རྒྱལ་ཁ་ཐོབ་ཚུལ་གྱི་འཆམ་མཇལ་ཚུགས་ཅི་ཟེར་ཨིན་པས།
ཚེས་བཅུ་མཇལ་བར་འོང་མི་ མང་ཤོས་ཅིག་ ན་ཧིང་ལྷོད་མ་ཚུགས་མི་ཚུ་ཨིནམ་ད་ ན་ཧིང་འོང་མི་ཚུ་གིས་ འབད་བ་ཅིན་ ལྟདམོ་ལྟ་བར་འོང་མི་དེ་ ན་ཧིང་མང་སུ་འོང་ནུག་ཟེར་སླབ་ཨིན་རུང་ ལ་ལུ་ཅིག་གིས་ འབད་བ་ཅིན་ དུས་ཅི་མངམ་མས་ཟེར་ སླབ་ཨིན་པས།
དུས་སྟོན་ཁྱད་པར་ཅན་དེ་ནང་ མི་དབང་རྒྱལ་བཙུན་རྗེ་བཙུན་པདྨ་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་ཡུམ་ ཨེ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་གཙོས་པའི་ སྐུ་འཁོར་དང་ བློན་པོ་ལྷན་རྒྱས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།



བཀྲིས་ཕུན་ཚོགས།

No comments:

Post a Comment