གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམར་བསད་འབད་མི་ ཉེས་དོགས་ཅན་འཛིན་བཟུང་།

 ༣/༡༢/༡༢། ༉ སྤྱི་ཟླ་༩ པའི་ཚེས་༧ ལུ་ ཐིམ་ཕུ་སྨད་ཝང་རྒེད་འོག་ འགྱམ་རྡོ་འོགམ་གཡུས་ཚན་ནང་ ཨམ་སྲུ་ཅིག་ དམར་བསད་འབད་མི་ ཉེས་དོགས་པ་གཙོ་ཅན་དེ་ སྤྱི་ཟླ་༡༡ པའི་ཚེས་༣༠ ལུ་ འཛིན་བཟུང་འབད་ནུག།

ཁྲིམས་སྲུང་འགག་པ་ལས་ལྷོད་མི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ སྐྱེས་ལོ་༥༦ འབད་མི་ ཉེས་ཅན་དེ་ ཐིམ་ཕུ་དང་ ཕུན་ཚོགས་གླིང་ལུ་ཡོད་པའི་ དཔག་བསམ་ཁའི་ ཁྲིམས་སྲུང་འགག་པ་༢ ཀྱིས་ དཔག་བསམ་ཁ་ལས་ འཛིན་བཟུང་འབད་ཡི་ཟེར་ཨིན་པས།


དེ་ཡང་ ཟླཝ་༡ དེ་ཅིག་གི་རིང་ ཁྲིམས་སྲུང་འགག་པ་ཚུ་གིས་ ས་མཚམས་ས་གནས་ཚུ་ནང་ འཚོལ་ཞིབ་ཀྱི་ལཱ་ཚུ་འབད་བའི་སྐབས་ ཕོ་སྐྱེས་དེ་ དཔག་བསམ་ཁ་ལུ་ལྷོད་ཡོད་པའི་ གསང་བའི་བརྡ་དོན་ ཐོབ་མི་དང་འཁྲིལ་ཏེ་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ ཐིམ་ཕུ་ལུ་ ཁྱིད་འོང་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པ་གིས་ སྔོན་འགྲོའི་དབྱེ་ཞིབ་ འགོ་འདྲེན་འཐབ་པའི་སྐབས་ ཕོ་སྐྱེས་དེ་གིས་ ལཱ་ངན་འབད་བའི་ རྫུན་ཁ་བཟེད་ཡོདཔ་ད་ རྐྱེན་ངན་བྱུང་བའི་སྐབས་ ཁོ་ར་ ཚེ་འདས་དང་གཅིག་ཁར་ ཚལ་མ་ཅིག་ནང་ ཙུ་ནེ་རྡོ་འཚོལ་བར་སོང་ཡི་ཟེར་ སླབ་ཡོདཔ་ཨིན་པས།


ཉེས་ཅན་དེ་གིས་ དེ་ཚེ་ཉིན་མའི་ ཆུ་ཚོད་༡༡:༤༥ དེ་ཅིག་ལུ་ སྐྱེས་ལོ་༤༢ ལང་མི་ ཚེ་འདས་ཨམ་སྲུ་དེ་ ཚལ་མ་ནང་ར་ བསྒུག་སྡོད་བཅུག་སྟེ་ ཁོ་ར་ ཙུ་ནེ་རྡོ་ཁུར་ཆ་གང་འབག་འོང་སྟེ་ ཁྱིམ་ནང་བསྐྱལ་བའི་ཤུལ་ལུ་ ད་རུང་ ཙུ་ནེ་རྡོ་ལེན་པར་ སོང་ཡོདཔ་སྦེ་ ཁྲིམས་སྲུང་འགག་པ་ལུ་ སླབ་ནུག།


གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ལོག་ཙུ་ནེ་རྡོ་ལེན་པར་ འགྱོ་བའི་སྐབས་ ཉེས་ཅན་དེ་གིས་ སྤུ་ན་གཙང་ཆུ་ལས་ཐོབ་མི་ དངུལ་ཀྲམ་༣༠,༠༠༠ འབད་མི་དེ་ ཚེ་འདས་དེ་གི་ལག་པར་ བཞག་ཡོདཔ་ལས་ དངུལ་ཀྲམ་༡༠,༠༠༠ དགོཔ་སྦེ་ སླབ་ཡོདཔ་ཨིན་པས།


ཨིན་རུང་ ཨམ་སྲུ་དེ་གིས་ ཁ་བཟེད་མ་བཏུབ་ལས་ ཁོ་གིས་ ཨམ་སྲུ་དེ་ལུ་ ལྡན་ལྕག་བླུགས་ཏེ་ ལྷོག་བཀོག་བའི་སྐབས་ ཚེ་འདས་དེ་ རྦོབ་རིལ་སོཔ་སྦེ་ ཁྲིམས་སྲུང་འགག་པའི་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།


ཕོ་སྐྱེས་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ཚེ་འདས་དེ་ རྦོབ་རིལ་བའི་སྐབས་ ཙུ་ནེའི་རྡོ་ རྣོ་ཅན་ཅིག་གུ་ མགུ་ཏོ་ཕོག་སྟེ་ ཁྲག་ཐོནམ་ད་ ཁོ་རའི་ཀོཊི་ཕུད་དེ་ ཁྲག་བསུབ་ནི་ལུ་ རྩ་འགེངས་ཡོདཔ་ཨིན་རུང་ འབད་མ་ཚུགས་པའི་ཤུལ་ལུ་ ཨམ་སྲུ་དེ་ ས་གནས་དེ་ཁར་ར་ བཀོག་བཞག་སྟེ་ གཡུས་ཁར་ལོག་ཡོདཔ་ཨིན་པས།


གཡུས་ཁར་ལྷོད་ཞིནམ་ལས་ ཚེ་འདས་ཀྱི་བུམོ་ལུ་ ཨའི་ ཙུ་ནེ་རྡོ་དཔོག་པའི་བསྒང་ཡོདཔ་ལས་ ཆ་རོགས་འབད་བར་ འགྱོ་དགོཔ་སྦེ་ སླབ་ཅི་ཟེར་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོདཔ་ད་ དེ་གི་ཤུལ་ལས་ ཁོ་གིས་ ཚེ་འདས་་ཀྱི་ཁྱིམ་ནང་ ཏི་རུ་འཚོལ་བའི་སྐབས་ ཏི་རུ་ཚུ་ སྒྲོམ་ཅིག་ནང་མཐོང་སྟེ་ དངུལ་ཀྲམ་༡༠,༠༠༠ བཏོན་འབག་སྟེ་ གླ་འཁོར་ནང་འཛུལ་ཞིནམ་ལས་ ཕུན་ཚོགས་གླིང་ལུ་ སོང་ཡོདཔ་སྦེ་ ཁྲིམས་སྲུང་འགག་པ་ལུ་ སླབ་ནུག།


དེ་ལས་ ཕུན་ཚོགས་གླིང་ལུ་ བདུན་ཕྲག་༡ དེ་ཅིག་སྡོད་པའི་ཤུལ་ལུ་ ཕུན་ཚོགས་གླིང་་དྲུང་ཁག་འོག་ལུ་ཡོད་པའི་  ཁོ་རའི་གཡུས་ པ་ན་སི་ལུ་ སོང་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།


གཡུས་མི་ཚུ་གིས་ རྐྱེན་ངན་མ་བྱུང་བའི་ཧེ་མར་ ཟླཝ་༣ གྱི་རིང་ ཉེས་ཅན་དེ་དང་ ཚེ་འདས་༢ ཨམ་སྲུ་དེ་གི་ཁྱིམ་ནང་ གཅིག་ཁར་སྡོད་དེ་ གཡུས་ཚན་དེ་གི་ཉེ་འདབས་ལུ་ གཏེར་ཁ་བཏོན་སའི་ ས་ཁོངས་ཅིག་ནང་ ཙུ་ནེའི་རྡོ་ལེན་པར་ འགྱོ་ས་མཐོང་ཡོདཔ་ཨིན་པས།


དེ་ཚེ་ཕྱི་རུ་ གནམ་བསོྲ་རུང་ ཨམ་སྲུ་དེ་ ཁྱིམ་ནང་འོང་ནི་མེདཔ་ལས་ གཡུས་མི་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།


སྤྱི་ཟླ་༩ པའི་ཚེས་༨ ཀྱི་དྲོ་པ་ ཁྲིམས་སྲུང་འགག་པ་དང་ གཡུས་མི་ཚུ་གིས་ ཨམ་སྲུ་དེ་ ཙུ་ནེ་རྡོ་བཏོན་སར་ ཤི་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།


ཀུན་གསལ་གྱི་བྲིས་མི་ འདས་པའི་གནས་ཚུལ་དང་འཁྲིལཝ་ད་ ཁྲིམས་སྲུང་འགག་པ་གིས་ ཨམ་སྲུ་དེ་གི་ མགུ་ཏོ་རྒྱབ་ཁར་ རྨ་ཁ་རིང་ཚད་ སེན་ཊི་མི་ཊར་༦.༥ བཏོན་ཡོདཔ་མ་ཚད་ རྣམ་ལྕོག་གི་རྩ་བར་ཡང་ གནོད་སྐྱོན་བྱུང་ཡོདཔ་སྦེ་སླབ་ཅི།


ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཕོ་སྐྱེས་དེ་གིས་ ཧེ་མ་ཡང་ ཤིང་དྲ་འཕྲུལ་ཆས་ པ་ཝར་ཅཱེན་ ཨར་རྐུན་འབད་དེ་ ས་མཚམས་ཁར་ བཙོང་ཡོད་པའི་ ཉེས་པ་ཡང་ ཕོག་ནུག་ཟེར་ཨིན་པས།
ཚེ་འདས་ཀྱི་རྨགཔ་དེ་ ན་ཧིང་ གྱོང་ཡོདཔ་བཞིན་དུ་ མོ་ལུ་ བུམོ་༥ ཡོདཔ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment