གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་གསརཔ་ཚུ་ལས་ གཞི་བཙུགས་འབད་མི་ དང་པ་ཨིན་རུང་ ཐོ་བཀོད་ཡིག་ཆ་བཙུགས་མི་མཇུག་ཨིནམ།

༡༡/༡༢/༢༠༡༢   ༉ ཁ་ཙ་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུའི་དོན་ལུ་ གཞི་བཙུགས་འབད་མི་ འབྲུག་མཉམ་རུབ་ཚོགས་པ་གིས་ ཁོང་གི་སྲིད་ཚོགས་ ཐོ་བཀོད་འབད་ནིའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ནང་ ཞུ་ཡིག་བཙུགས་ཡོདཔ་ཨིན།
གནས་སྐབས་ཀྱི་སྲིད་ཚོགས་གཙོ་འཛིན་ འཇིགས་མེད་བཟང་པོ།


སྲིད་ཚོགས་ཐོ་བཀོད་ཀྱི་དོན་ལུ་ སྲིད་ཚོགས་ཀྱི་བཀའ་ཁྲིམས་དང་ རྫོང་ཁག་སྲིད་ཚོགས་འགོ་འདྲེན་པའི་ཐོ་ བཙག་འཐུའི་དོན་ལུ་ བསྒྱུར་བཅོས་འགྱོ་སྲིད་ནི་ཨིན་མི་ འདེམས་ངོ་ཚུ་གི་མིང་ཐོ་ ཟད་འགྲོའི་སྙན་ཞུ་ དེ་ལས་ སྲིད་ཚོགས་དེ་ གཞི་བཙུགས་འབད་བའི་ཉིནམ་ལས་འགོ་བཙུགས་ ད་རེས་ཚུན་ ག་ཅི་ར་ འབད་ཡོདཔ་ཨིན་ནའི་ ཡིག་ཆ་ཚུ་ཡང་ བཙུགས་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ བརྡ་བརྒྱུད་ཞལ་འཛོམས་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ད་ དེ་བསྒང་ སྲིད་ཚོགས་ཀྱི་ གནས་སྐབས་གཙོ་འཛིན་ འཇིགས་མེད་བཟང་པོ་གིས་འབད་བ་ཅིན་ ད་ལྟོ་ཚུན་ སྲིད་ཚོགས་ཐོ་བཀོད་ཀྱི་དོན་ལུ་ འབྲུག་བཙག་འཐུ་ལྷན་ཚོགས་ཀྱི་ དགོས་མཁོ་དང་འཁྲིལ་ ཚུལ་མཐུན་ཡིག་ཆ་ཚུ་ ག་ར་བཙུགས་ཚར་ཡི་ཟེར་ཨིན་པས།
མ་གཞི་ འབྲུག་མཉམ་རུབ་ཚོགས་པ་དེ་ སང་ཕོད་ཀྱི་བཙག་འཐུའི་དོན་ལུ་ གཞི་བཙུགས་འབད་མི་ སྲིད་ཚོགས་དང་པ་ཨིན་རུང་ བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ སྲིད་ཚོགས་སྦེ་ ཐོ་བཀོད་ཀྱི་དོན་ལུ་ ཡི་གུ་བཙུགས་མི་མཇུག་ཨིན་པས།
སྲིད་ཚོགས་གཞན་ བྷུ་ཊཱན་ཀུན་མཉམ་པར་ཊི་དང་ འབྲུག་སྤྱིར་དབང་ཚོགས་པ་གཉིས་ཀྱིས་ ཐོ་བཀོད་ཀྱི་དོན་ལུ་ བཙག་འཐུ་ལྷན་ཚོགས་ནང་ ཞུ་ཡིག་བཙུགས་ཚར་ཏེ་ླཝ་ལྷག་ཡོདཔ་ད་ ད་ཚུན་གྱི་བར་ན་ ཐོ་བཀོད་འབད་ཚར་མི་
འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོའི་ཚོགས་པ་གཉིས་རྐྱངམ་གཅིག་ཨིན་པས།
ཐོ་བཀོད་ཀྱི་དོན་ལུ་ དུས་ཡུན་དུམ་གྲ་ཅིག་ འགོར་མི་དེ་ཡང་ སྲིད་ཚོགས་དེ་ ཉིནམ་༡ དང་༢ ཀྱི་དོན་ལུ་དང་ ཡང་ཅིན་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་རྐྱངམ་གཅིག་གི་དོན་ལུ་མེན་པར་ མི་བརྒྱུད་ལས་ མི་བརྒྱུད་སྦེ་ གནས་ཚུགསཔ་བཟོ་དགོཔ་ལས་ འདེམས་ངོ་ཚུ་ ལྕོགས་གྲུབ་ཅན་དང་ དང་འདོད་ཅན་ཚུ་ འཚོལ་དགོ་ནི་དེ་གིས་ཨིན་ཟེར་ འཇིགས་མེད་བཟང་པོ་གིས་སླབ་ཅི།
ཁོ་གིས་འབད་བ་ཅིན་ སྲིད་ཚོགས་དེ་ རྒྱར་གར་རྒྱལ་ཁབ་ནང་འབད་བ་ཅིན་ བི་ཇེ་པི་དང་ ཀོང་གེ་རེསི་ཚུ་བཟུམ་སྦེ་ ཡུན་བརྟན་གནས་ཚུགསཔ་བཟོ་ནི་ཨིན་ཟེར་ ཨིནམ་མ་ཚད་ སྲིད་ཚོགས་ཀྱི་ འགོ་དཔོན་གཞན་མི་ཅིག་གིས་འབད་བ་ཅིན་ སྲིད་ཚོགས་གཞི་བཙུགས་འབད་ནི་དེ་ ཨ་ལུའི་རྩེདམོ་བཟུམ་མེནམ་ལས་ དང་པ་ར་ སྲིད་ཚོགས་རང་སོའི་ནང་དོག་ལུ་ ནུས་ཤུགས་དང་ བློ་སྟོབས་ཡོདཔ་བཟོ་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
གལ་སྲིད་ ཚབ་ཚབ་སྦེ་ གཞི་བཙུགས་འབད་བ་ཅིན་ དེ་གིས་ སྲིད་ཚོགས་དང་ མི་སེར་གཉིས་ཆ་ར་ལུ་ དྲང་བདེན་མི་ཐོབ་ནི་ཨིནམ་ལས་ དུས་ཚོད་ལེན་དགོཔ་ཐོན་སོ་ཡི་ཟེར་ཨིན་པས།
ད་ལྟོ་ཚུན་ སྲིད་ཚོགས་དེ་ནང་ ངེས་བདེན་གྱི་ འདེམས་ངོ་༡༥ ཐོ་བཀོད་འབད་ཡོདཔ་ད་ གཞན་འདེམས་ངོ་༡༦ དེ་ཅིག་ ཞི་གཡོག་གི་ཁྲིམས་ལུ་བརྟེན་ ད་ལྟོ་ གདོང་ཁར་མ་ཐོན་པར་ཡོད་རུང་ དེ་ཚུ་གིས་ཡང་ དུས་ཚོད་དང་བསྟུན་ འཕྲལ་མགྱོགས་ར་ སྲིད་ཚོགས་ནང་ འཛུལ་ཞུགས་འབད་འོང་ཟེར་ འཇིགས་མེད་བཟང་པོ་གིས་སླབ་ཅི།
ད་རེས་ སྲིད་ཚོགས་ཀྱིས་ འབྲུག་བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་ཀྱི་ ཞུ་ཡིག་བཙུགས་ཡོདཔ་བཞིན་དུ་ ལྷན་ཚོགས་ལས་ ལན་གསལ་མ་ཐོབ་ཚུན་ མཁོ་གལ་ཆེ་བའི་ལཱ་ཚུ་འབད་ནི་དང་ དེ་གི་ཤུལ་ལས་ སྲིད་ཚོགས་ཀྱི་ ཁས་བླངས་ཡིག་ཆ་ཚུ་ བཟོ་ནི་ཨིན་ཟེར་ཨིན་པས།
སྲིད་ཚོགས་དེ་ ཐོ་བཀོད་གྲུབ་པའི་ཤུལ་ལུ་ མི་སེར་ཚུ་དང་ སྤྱིར་བཏང་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ནི་དང་ དེ་གི་སྐབས་ སྲིད་ཚོགས་ཀྱི་གཙོ་འཛིན་དེ་ཡང་ མི་སེར་དང་ འཐུས་མི་ཚུ་གི་ བློ་འདོད་དང་འཁྲིལ་ དམངས་གཙོའི་ལམ་ལུགས་ཐོག་ལས་ བཙག་འཐུ་འབད་འོང་ཟེར་ ཁོ་གིས་སླབ་ཅི།
འགོ་དཔོན་ཚུ་གིས་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པ་དེ་ མི་ཕུད་རྡོག་གཅིག་གི་མནོ་ཐངས་ལུ་ གཞི་བཞག་སྟེ་མེན་པར་ མི་སེར་ག་ར་གི་ལྟ་བ་དང་ རེ་འདོད་ཚུ་ལུ་ གཞི་བཞག་ཏེ་ གཞི་བཙུགས་འབད་ནི་དེ་གིས་ ཐོ་བཀོད་གྲུབ་པ་ཅིན་ དེ་གིས་ མི་སེར་ཚུ་ལུ་ གདམ་ཁ་ལེགས་ཤོམ་ བྱིན་ཚུགས་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
སྲིད་ཚོགས་ཀྱི་མིང་ཡང་ མཉམ་རུབ་ཚོགས་པ་ཟེར་ བཏགས་དགོ་མི་དེ་ཡང་ སྲིད་ཚོགས་དེ་ མཉམ་རུབ་ཀྱི་སྙིང་སྟོབས་ལུ་ གཞི་བཞག་ཐོག་ལས་ གཞི་བཙུགས་འབད་ནི་དེ་གིས་ཨིནམ་ད་ མཉམ་རུབ་ཟེར་བའི་སྐབས་ལུ་ ལཱ་ག་ཅི་ར་འབད་རུང་ མཉམ་རུབ་ཐོག་ལས་ འབད་ནི་ཟེར་བའི་དོན་ཨིན་ཟེར་ འཇིགས་མེད་བཟང་པོ་གིས་སླབ་ཅི།
སྲིད་ཚོགས་དེ་ནང་ སྲིད་ཚོགས་གཞི་བཙུགས་འབད་མི་ འཐུས་མི་༢༧ དང་ རྫོང་ཁག་ཚུ་ནང་གི་ འཐུས་མི་༡༥༠ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།




ཉི་མ་དབང་འདུས།

No comments:

Post a Comment