གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཚོགས་དང་པའི་ ཚོགས་ཐེངས་མཇུག་ སྤྱི་ཟླ་༢ པའི་ཚེས་༨ ལུ་འཚོགས་ནིའི་གྲོས་འཆར།

༡༠/༡༢/༢༠༡༢   ༉ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་མཇུག་གམ་ ཚོགས་ཐེངས་༡༠ པ་དེ་ སྤྱི་ལོ་༢༠༡༣ གྱི་ ཟླ་༢ པའི་ཚེས་༨ ལུ་ འཚོགས་ནིའི་དོན་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གྲོས་འཆར་ཕུལ་ཡོདཔ་ཨིན་པས།


ཚོགས་དཔོན་གྱིས་འབད་བ་ཅིན་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་༡༠ པ་དེ་ སྤྱི་ཟླ་༢ པའི་ཚེས་༨ ལས་འགོ་བཙུགས་ཏེ་ སྤྱི་ཟླ་༢ པའི་ཚེས་༢༨ ཚུན་ འཚོགས་ནི་ཨིན་ཟེར་ཨིན་པས།
དེ་སྦེ་ བཟོ་དགོ་མི་དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཉིནམ་སྦེ་ གྲོས་འཆར་བཀོད་མི་དང་འཁྲིལ་ མི་དབང་འབྲུག་རྒྱལ་༤ པ་མཆོག་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ ཨིན་ཟེར་ཨིནམ་ད་ སྤྱི་ཟླ་༣ པའི་ནང་འབད་རུང་ སྟབས་མ་བདེཝ་མེདཔ་སྦེ་ བཞག་ཅི་ཟེར་སླབ་ཨིན་པས།
ཁྲིམས་ལུགས་དང་འཁྲིལཝ་ད་ སྤྱི་ཚོགས་འཚོགས་ནིའི་ཚེས་གྲངས་ གཏན་འཁེལ་བཟོ་ནི་དེ་ ཚོགས་དཔོན་ལུ་ དབང་ཚད་ཡོད་ཟེར་ཨིན་པས།
ཚོགས་ཐེངས་མཇུག་ནང་ དཔྱད་ཡིག་གལ་ཅན་ཚུ་ ཡོད་པ་ཅིན་མ་གཏོགས་ དཔྱད་ཡིག་གསརཔ་ཚུ་ ངོ་སྤྲོད་མི་འབད་ཟེར་ཨིན་པས།
གལ་ཅན་ཨིན་པ་ཅིན་ སྤྱི་ཚོགས་དེ་ནང་ར་ ཆ་འཇོག་འབད་ནི་མ་གཏོགས་ ཧེ་མ་བཟུམ་སྦེ་ ཚོགས་ཐེངས་ཤུལ་མའི་ནང་ ཆ་འཇོག་འབད་ནིའི་དོན་ལུ་ མི་བཞག་ཟེར་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡༡ ལུ་ ཚོགས་ཐེངས་༩ པ་ མཇུག་བསྡུ་བའི་ཤུལ་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ ཁག་འབག་དཔྱད་ཡིག་དང་ རྩོད་རྙོགས་ཀྱི་ གྲོས་ཆོད་དཔྱད་ཡིག་སྐོར་ གྲོས་བསྡུར་འབད་དེ་ ཆ་འཇོག་གྲུབ་མི་འདི་ རྒྱལ་ཡོངས་ཚོགས་འདུ་གིས་ འོས་འབབ་གཟིགས་ནི་ཨིན་པས།
ན་ཧིང་ རྒྱལ་ཡོངས་ཚོགས་འདུ་གིས་ ནང་འཁོད་རྩུབ་སྤྱོད་བཀག་སྡོམ་དཔྱད་ཡིག་དང་ འཁོར་ལམ་དཔྱད་ཡིག་ གྲོས་བསྡུར་འབད་དེ་ ཆ་འཇོག་འབད་མི་དེ་ཡང་ རྒྱལ་ཡོངས་ཚོགས་སྡེ་གིས་ འོས་འབབ་གཟིགས་ནི་ཨིན་པས།
རྐྱེན་ངན་འཛིན་སྐྱོང་དཔྱད་ཡིག་དེ་ མཉམ་འབྲེལ་ཚོགས་ཆུང་འཚོགས་ཞིནམ་ལས་ ཆ་འཇོག་གནང་ནི་ཨིན་པས།
འབྲུག་གི་རྒྱལ་དར་དཔྱད་ཡིག་གི་ གྲོས་འཆར་བཀོད་མི་དེ་ རྒྱལ་ཡོངས་ཚོགས་འདུ་གིས་ ཕྱིར་བཏོན་འབད་ནི་གི་ གྲོས་འཆར་བཀོད་ཡོདཔ་ཨིན་རུང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ ཁས་ལེན་འབད་མ་བཏུབ་ལས་ དེ་ཡང་ མཉམ་འབྲེལ་ཚོགས་ཆུང་ནང་ གྲོས་ཐག་གཅད་ནི་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཐེངས་དང་པ་དེ་ སྤྱི་ལོ་༢༠༠༨ ཟླ་༤ པའི་ཚེས་༢༡ ལུ་ འཚོགས་ཡོདཔ་ད་  རྒྱལ་ཡོངས་ཚོགས་སྡེ་གིས་ སྤྱི་ལོ་༢༠༠༨ ཟླ་༤ པའི་ཚེས་༢༨ ལུ་ འཚོགས་ཡོདཔ་ཨིན་པས།
དེ་ལས་ སྤྱི་ཚོགས་ལྷན་བཞུགས་ འགོ་དང་པ་དེ་ སྤྱི་ལོ་༢༠༠༨ ཟླ་༥ པའི་ཚེས་༨ ལུ་ འཚོགས་ཡོདཔ་ཨིན་པའི་གནས་ཚུལ།



 
ཡེ་ཤེས་སྒྲོལ་མ།

No comments:

Post a Comment