གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུའི་ཨོ་ལ་ཚུ་ གནས་སྤོ་སྟེ་ཡར་སོཔ་ཨིན་ན?

༡༣/༡༢/༢༠༡༢   ༉ ད་རེས་ནངས་པ་ མི་ཚུ་གིས་ སྤྱི་ཟླ་༡༢ པའི་ཚེས་༢༡ ལུ་ བསྐལ་པ་ནུབ་ནི་ཨིན་པའི་སྐོར་ལས་ ལོ་རྒྱུས་ལེ་ཤ་སླབ་དོ་བཟུམ་སྦེ་ ཐིམ་ཕུ་ལུ་སྡོད་མི་ཚུ་གིས་ ཁྲོམ་གྱི་ས་ཁོངས་ཚུ་ནང་ བྱ་ཨོ་ལ་ཚུ་ མཐོང་ནི་མིན་འདུག་ཟེར་ སླབ་ཨིན་པས།
ཐིམ་ཕུ་ལུ་ ཡལ་འགྱོ་དོ་ཡོད་མི་ འབྲུག་པའི་ཨོ་ལ་ཚུ།
ཐིམ་ཕུ་ལུ་ མང་སུ་ཐོན་དོ་ཡོད་མི་ རྒྱ་གར་གྱི་ཨོ་ལ་ཚུ།


ཐིམ་ཕུ་ལུ་ གཏོརམ་བཞེངས་ཏེ་ར་སྡོད་མི་ བཙན་སྐྱོགས་ཀྱིས་འབད་བ་ཅིན་ ཧེ་མ་ རིམ་གྲོ་ཚུ་འབད་བའི་སྐབས་ ས་གནས་ཀྱི་ ཡུལ་ལྷའི་ཚུལ་ལུ་སྦེ་ བྱ་ཨོ་ལ་ལེ་ཤ་ཅིག་གིས་ གཏོརམ་ཚུ་ བཟའ་བར་འོང་ནི་ཡོདཔ་ཨིན་རུང་ ད་རེས་ནངས་པ་ མཐོང་ནི་མིན་འདུག་ཟེར་ཨིན་པས།
སྤ་རོ་ལུ་སྡོད་མི་ ཚོང་པ་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ གཞན་འབད་བ་ཅིན་ སྤ་རོ་ཨོ་ལ་ཐང་ལུ་ བྱ་ཨོ་ལ་ལེ་ཤ་ཅིག་ འཁྱམས་སྡོད་ནི་དེ་གིས་ གྱངས་ཁ་རྐྱབ་ནི་ལུ་ཡང་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་རུང་ ད་རེས་ དག་པ་ཅིག་ལས་ མཐོང་ནི་མིན་འདུག་ཟེར་ཨིན་པས།
དེ་བསྒང་ བྱ་ཨོ་ལ་ཚུ་ ཁྱིམ་ཐོག་ཁ་ལས་ཕར་ གཏོརམ་ཚུ་བཟའ་སྟེ་སྡོདཔ་མ་ཚད་ ཁོང་གིས་སྐད་རྐྱབ་ཐོག་ལས་ ཁྱིམ་ནང་ མགྱོནམ་འོང་ནིའི་ བརྡ་མཚོན་བཏོན་མི་ཚུ་ མཐོང་གསལ་ཅན་སྦེ་ གནས་ཡོདཔ་ཨིན་པས།
འབྲུག་པའི་ཨོ་ལ་དང་ རྒྱ་གར་གྱི་ཨོ་ལ་ཚུ་གིས་ ས་གནས་ཚུ་ནང་ཡོད་པའི་ སེམས་ཅན་གྱི་རོ་དང་ ཕྱགས་སྙིགས་བཀོ་སའི་ ས་ཁོངས་ཚུ་ནང་ གཟནམ་འཚོལ་བཟའ་ནི་དེ་གིས་ རྒྱལ་ཁབ་ཀྱི་ གཙང་སྦྲ་འཕྲོད་སྟེན་ཚུ་ལུ་ཡང་ ཕན་ཐོགས་སྦོམ་ བྱུང་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ གཏོརམ་ཚུ་ དཀར་ཕྱེ་གིས་བཞེངས་དོ་ཡོདཔ་མ་ཚད་ གཏོར་མ་གི་ན་བཟའ་ཚུ་ཡང་ མར་ནང་ལུ་  རང་ལུགས་ཀྱི་ཚོས་གཞི་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ད་རེས་ བྱ་ཨོ་ལ་ཚུ་ མཐོང་ནི་མེད་པའི་གནད་དོན་ཅིག་ གཏོརམ་གྱི་ན་བཟའ་ཚུ་ རྒྱ་གར་ལས་ ནང་འདྲེན་འབད་མི་ ཝ་ཊར་ཀ་ལར་ཟེར་མི་ ཚོན་ཚུ་བཏང་ནི་དེ་གིས་ཨིན་མས་ཟེར་ དགེ་སློང་ཚུ་དང་ ནང་པའི་མཁས་མཆོག་ཚུ་གིས་ སླབ་ཨིན་པས།
བཙན་སྐྱོགས་ཀྱིས་ སླབ་མིའི་ནང་ ད་རེས་ནངས་པ་ ཕྱི་རྒྱལ་གྱི་ཚོས་གཞི་ཚུ་ ལག་ལེན་འཐབ་པའི་སྐབས་ གཏོརམ་བཞེངས་ནིའི་དོན་ལུ་ དུས་ཡུན་ཐུང་སུ་ཅིག་ལས་ མི་འགོར་དོ་ཡོདཔ་མ་ཚད་ ཁ་དོག་ཡང་ བཀྲ་མདངས་ཅན་སྦེ་ མཐོངམ་མས་ཟེར་ཨིན་པས།
རང་ལུགས་ཀྱི་ཁ་དོག་ཚུ་ ལག་ལེན་འཐབ་པའི་སྐབས་ ཨོ་ལ་ཚུ་གིས་ གཏོརམ་ཚུ་ བཟའ་དོ་ཡོདཔ་ད་ ད་རེས་ བྱ་ཚུ་ མར་ཉམས་འགྱོ་མི་དེ་ ནང་འདྲེན་འབད་བའི་ཁ་དོག་ཚུ་ནང་ རྫས་སྦྱོར་ཚུ་ཡོད་ནི་དེ་གིས་ ཨིནམ་འོང་ནི་མས་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ འདབ་ཆགས་རིགས་པའི་མཁས་མཆོག་ཚུ་གིས་ སླབ་མིའི་ནང་ མ་གཞི་ རྒྱལ་ཁབ་ནང་ ཨོ་ལ་ཚུ་གི་སྐོར་ལས་ ཞིབ་འཚོལ་འབད་འབདཝ་མེད་རུང་ ཨོ་ལ་ཚུ་གིས་ རུལ་བའི་ཟས་རིགས་དང་ ཕྱགས་སྙིགས་ དེ་ལས་ འབུབ་ཚུ་ལེ་ཤ་ཅིག་ར་ བཟའ་དོ་ཡོདཔ་ལས་ ཨོ་ལའི་གྱངས་ཁ་ མར་འབབ་སོང་མི་དེ་ ནང་འདྲེན་འབད་མི་ ཚོས་གཞི་ཚུ་ལུ་བརྟེན་ཏེ་ཨིན་མས་ཟེར་ སླབ་མི་ཤེས་ཟེར་ཨིན་མས།
འདབ་ཆགས་རིག་པའི་མཁས་མཆོག་ བཱཌི་ཤེས་རབ་ཀྱིས་ སླབ་མིའི་ནང་ ད་རེས་ ཨོ་ལ་ཚུ་འཁྱམས་ས་ སྤོ་བཤུད་འབད་དེ་འགྱོ་མི་དེ་ གཙོ་བོ་ར་ ས་ཁོངས་ཚུ་ ཁྲོམ་སྡེ་ལུ་གྱུར་དོ་ཡོདཔ་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་སླབ་ཅི།
ཁོ་གིས་བཤད་མིའི་ནང་ གཟུགས་སྦོམ་སུ་ཅིག་འབད་མི་ འབྲུག་པའི་ཨོ་ལ་ཚུ་གིས་ རྒྱ་གར་གྱི་ ཨོ་ལ་ཚུ་བཟུམ་སྦེ་མེན་པར་ ཕྱགས་སྙིགས་དང་ འབུབ་གྱི་རིགས་ཚུ་ བཟའ་དོ་ཡོདཔ་ལས་ དེང་སང་ཁྲོམ་ཁར་ སྒོ་ནོར་གསོ་སྐྱོང་འཐབ་ནི་མེདཔ་ལས་ འབུབ་ཚུ་འཐོན་ནི་ མེད་ནི་དེ་གིས་ ཨིནམ་འོང་ནི་མས་ཟེར་ཨིན་པས།
བྱ་ཨོ་ལ་ཚུ་ བྱའི་རིགས་གཞན་ཚུ་དང་ཕྱདཔ་ད་ གསལ་དྲགས་ཡོདཔ་ལས་ དེ་བཟུམ་མའི་ ཁོང་ར་ལུ་གནོད་པའི་རྫས་སྦྱོར་ཚུ་ མི་བཟའ་ཟེར་ བཱཌི་ཤེས་རབ་ཀྱིས་ སླབ་ཨིན་པས།
འབྲུག་པའི་ཨོ་ལ་ཚུ་ རྒྱ་གར་གྱི་ ཨོ་ལ་ཚུ་དང་ཕྱདཔ་ད་ གཟུགས་ཡང་སྦོམ་པའི་ཁར་ ཁ་དོག་ཚུ་ཡང་ མ་འདྲཝ་སྦེ་ཡོདཔ་ལས་ ངོ་ཕྱེ་ནི་ལུ་ འཇམ་ཏོང་ཏོ་ཡོདཔ་ད་ ཨོ་ལའི་རིགས་དེ་ ས་ཐང་ཚུ་ལས་འགོ་བཙུགས་ཏེ་ རྒྱ་མཚོ་ལས་ སའི་མཐོ་ཚད་ མི་ཊར་༤,༥༠༠ རེ་ཚུན་ འཁྱམས་སྡོདཔ་ཨིན་པས།
འདབ་ཆགས་རིག་པའི་མཁས་མཆོག་ མང་ཤོས་ཅིག་གིས་ར་ ས་ཁོངས་ཚུ་ ཁྲོམ་ལུ་གྱུར་མི་བརྟེན་ ཨོ་ལ་ཚུ་རྐྱངམ་གཅིག་མེན་པར་ བྱིའི་རིགས་གཞན་ཡང་ ལེ་ཤ་ཅིག་ར་ སྡོད་གནས་སྤོ་འགྱོཝ་ཨིན་ཟེར་ སླབ་ཨིན་པས།
རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་ལས་ རེ་བེ་ཀ་ པར་དཱན་གྱིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ནང་ ལྕང་གླིང་མི་ཐང་དང་ ན་གཞོན་དཔལ་རི་ ལྕང་སྒང་ཁ་ དེ་ལས་ གཟི་ལུང་ཁའི་ ས་ཁོངས་ཚུ་ནང་ བྱ་རིགས་ལེ་ཤ་ཅིག་ར་ མཐོང་ནི་ཡོདཔ་ཨིན་རུང་ ད་རེས་ དེ་ཚུ་ ག་ཏེ་ཡང་མེད་པར་ ཡལ་སོ་ནུག་ཟེར་ཨིན་པས།
ཁོ་གིས་བཤད་མའི་ནང་ གོང་འཕེལ་གྱི་ ལས་སྣ་ཚུ་ལུ་བརྟེན་ བྱའི་རིགས་ཚུ་ལུ་ ཟིང་འཁྲུག་སྦོམ་བྱུང་དོ་ཡོདཔ་ལས་ ཐ་ན་ བྱི་ཅུང་ནལ་གཟནམ་ཚུ་ཡང་ དག་པ་ཅིག་ལས་ མི་མཐོང་པས་ཟེར་ཨིན་པས།
མ་གཞི་ ཨོ་ལའི་རིགས་ཚུ་ རྒྱ་ཆེ་དྲགས་སྦེ་ར་ མར་ཉམས་འགྱོ་དོ་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ བྱ་ཚུ་གི་དོན་ལུ་ གྱངས་ཁ་དང་འབྲེལ་བའི་ གནད་སྡུད་ཚུ་མེད་ཟེར་ འདབ་ཆགས་རིག་པའི་མཁས་མཆོག་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment