གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བང་ལ་དེཤ་ལུ་ ཕྱིར་ཚོང་འཐབ་ནི་དེ་ འགྲོས་ཀྱིས་སྦེ་ ཡར་སེང་འགྱོ་དོ་ཡོད།

༡༣/༡༢/༢༠༡༢   ༉ ཕུན་ཚོགས་གླིང་གི་ ས་མཚམས་ཁར་སྡོད་མི་ཚུ་གིས་ གནམ་སྲོ་རན་པའི་བསྒང་ལས་ ཏུར་ས་གཙང་ཆུའི་མཐའམ་བདའ་སྟེ་ གནས་སྐབས་ཀྱི་སྦ་སྒོར་བཟོ་ཡོད་མིའི་ནང་ ལཱ་འབད་བར་ འགྱོ་ནི་འགོ་བཙུགསཔ་ཨིན་པས།
ལཱ་འབད་མི་ཚུ་གིས་མཛོད༌ཁང༌ནང་ ཚལ་ལུ་ཕྱིར་བསལ་རྐྱབ་པའི་བསྒང་།


འདི་བཟུམ་གྱི་སྦ་སྒོར་ཚུ་ནང་ལུ་ ཕོ་སྐྱེས་སྡེ་ཚན་སྦེ་ གཟུགས་ཁར་ ཇེ་ཀེཏ༌རེ༌གྱོན༌ ཨོལ་ལྐོག་གུ་ གར་པཱན་དཀྱིས་ཐོག་ལས་ ཁྱིམ་སོག་མ་གིས་གང་སྟེ་ཡོད་མིའི་ནང་ ཊག་ནང་ལས་དོས་བཏོན་བཞག་མིའི་ཚལ་ལུ་ཚུ་ བསལ་དོ་ཡོདཔ་ཨིན་པས།
ཚལ་ལུ་ བསལ་ནི་དང་ ཕྱིར་བསལ་རྐྱབ་ནི་ སྒམ་རྐྱབ་ནིའི་ལཱ་ཚུ་ ནངས་པ་དྲོ་པ་ཚུན་འབད་བའི་ཤུལ་ལུ་ འབྲུག་སོ་ནམ་མདང་ ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་ བང་ལ་དེཤ་ལུ་ ཚོང་འབྲེལ་གྱི་དོན་ལུ་མ་བཏང་བའི་ཧེ་མར་ ཞིབ་དཔྱད་ཚུ་ འབད་དོ་ཡོདཔ་ཨིན་པས།
བང་ལ་དེཤ་ལས་ ནང་འདྲེན་འབད་མི་ཚུ་གིས་ ངོས་ལེན་ལེགས་ཤོམ་མེད་མི་ལུ་བརྟེན་ ལོ་བསྟར་གྱི་ཕྱིར་ཚོང་ལས་འཆར་དེ་ སྤྱི་ཟླ་༡༡ པའི་ཚེས་༢༥ ལུ་འགོ་བཙུགས་ཡོདཔ་ཨིན་པས།
འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་སླབ་མིའི་ནང་ ཉིན་བསྟར་བཞིན་དུ་ རྒྱ་གར་ བང་ལ་དེཤ་གི་ས་མཚམས་ བུ་རི་མ་རི་ལུ་ ཊག་དོས་༢༠ རེ་འགྱོཝ་ཨིན་ཟེར་ཨིནམ་ད་ བུ་རི་མ་རི་དེ་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༡༡༥ གི་ས་གནས་ཁར་ཡོདཔ་ཨིན་པས།
འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་གནས་ཐོའི་ནང་ སྤྱི་ཟླ་༡༡ པ་ཚུན་ལུ་ ཚལ་ལུ་མེ་ཊིག་ཊོན་༩༥ བཏང་ཡོད་པའི་ཁར་ སྤྱི་ཟླ་༡༢ པའི་ཚེས་༡ གི་ནང་འཁོད་ལུ་ མེ་ཊིག་ཊོན་༤༧༣.༨ བཏང་ཡོདཔ་ཨིན་པས།
དུས་ཅི་ལོའི་ ཚལ་ལུའི་གོང་ཚད་དེ་ ཀིལ་རེ་ལུ་ ཡུ་ཨེས་ཌོ་ལར་༨ རེ་དང་ ཡང་ཅིན་ ཚལ་ལུ་ཆུང་ཀུ་མིལ་རེ་དང་ སྦོམ་སྒམ་རེ་ལུ་ ཡུ་ཨེས་ཌོ་ལར་༡༡ རེ་སྦེ་བཙོང་དོ་ཡོདཔ་ད་ སྒྲོམ་རེ་ནང་ ལྗིད་ཚད་ཀེ་ཇི་༡༨ དང་ ༢༠ འི་བར་ན་ཡོདཔ་ཨིན་པས།
ཕྱིར་ཚོང་འཐབ་མི་ བསྟན་འཛིན་གྲུ་བ་གིས་སླབ་མིའི་ནང་ ན་ཧིང་བཟུམ་ཅིག་འབད་བ་ཅིན་ ད་ལྟོའི་དུས་ཚོད་ཁར་ ཊག་དོས་༡༤ དུས་ཅིག་བཙུགས་ཡོདཔ་ད་ ད་ཅི་བཟུམ་གྱི་གནས་སྟངས་ནང་ ཁོ་གིས་ ད་ལྟོ་ དོས་གསུམ་ལས་བརྒལ་བཙུགས་མ་ཚུགས་ཟེར་ཨིནམ་ད་ ཁོང་གིས་ སྤྱི་ཟླ་༡༢ པའི་ཚེས་༧ ལས་ ཕྱིར་ཚོང་འཐབ་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
ཀུན་བཟང་ཕྱིར་ཚོང་གིས་ སྤྱི་ཟླ་༡༡ པའི་ཚེས་༢༥ ལས་ ཕྱིར་ཚོང་འཐབ་ནི་འགོ་བཙུགས་ཡོདཔ་བཞིན་དུ་ ད་ཚུན་ལུ་ ཁོ་གིས་ ཊག་དོས་༡༥ མ་གཏོགས་ བཏང་མ་ཚུགས་ཟེར་ཨིན་པས།
སྦྱིན་བདག་གིས་སླབ་དོ་བཟུམ་འབད་བ་ཅིན་ ན་ཧིང་དང་ཕྱདཔ་ད་ དུས་ཅི་ གོང་ཚད་ལེགས་ཤོམ་མི་འཐོབ་ནི་མས་ཟེར་བའི་ ཚ་གྱང་ཡོད་ཟེར་ཨིན་པས།
ཕྱིར་ཚོང་འཐབ་མི་ཚུ་ལུ་ རྒྱ་གར་ཨ་སཱམ་གྱི་ངོ་རྒོལ་འགྲེམ་སྟོན་གྱིས་ ཚོང་འབྲེལ་ལུ་བར་ཆད་རྐྱབ་ཅི་ཟེར་ཨིནམ་ད་ ད་ལྟོའི་གནས་སྟངས་ནང་ ནང་འདྲེན་འཐབ་མི་དག་པ་ཅིག་ལས་བརྒལ་མ་ལྷོད་ཟེར་ ཕྱིར་ཚོང་འཐབ་མི་ཚུ་གིས་བཤདཔ་ཨིན་པས།
ཕྱིར་ཚོང་འཐབ་མི་ཚུ་གིས་སླབ་དོ་བཟུམ་འབད་བ་ཅིན་ ཁོང་ཆ་ཁྱབ་ སྐྱེལ་འདྲེན་གྱི་དོན་ལུ་ རྒྱ་གར་གྱི་རུ་པི་ཐོབ་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིནམ་ད་ གལ་སྲིད་ ང་བཅས་ཀྱིས་ དངུལ་ཀྲམ་ནང་སྤྲོད་པ་ཅིན་ ཁོང་གིས་ བརྗེ་སོར་གྱི་འཐུས་ཚུ་རྩིས་ཏེ་ ལེན་དོ་ཡོདཔ་ལས་ དེ་གིས་ཟད་འགྲོ་སྦོམ་ གནསཔ་མས་ཟེར་ བསྟན་འཛིན་གྲུ་པ་གིས་ བཤད་ཨིན་པས།
བང་ལ་དེཤ་གི་ ནང་འདྲེན་འཐབ་མི་གིས་སླབ་དོ་བཟུམ་འབད་བ་ཅིན་ ཁོང་གིས་ མཉམ་ལས་ཚོགས་པ་བཟོ་བཟོཝ་མེདཔ་ཨིན་རུང་ མི་༥ དང་༦ རེ་འབད་མི་ སྡེ་ཚན་ཅིག་བཟོ་ཡི་ཟེར་ཨིན་པས།
ལང་ལ་དེཤ་གི་ཕྱིར་ཚོང་འཐབ་མི་ཚུ་གིས་ ལཱ་འབད་ནི་འགོ་བཙུགས་ཏེ་ གོང་ཚད་ཚུ་ ད་ལྟོ་ག་ཨིནམ་སྦེ་བཞག་ཞིནམ་ལས་ བང་ལ་དེཤ་ལས་ ནང་འདྲེན་འབད་མི་ཚུ་ལྷོདཔ་ད་ བདེ་སྒྲིག་འབད་ནི་ཨིན་ཟེར་ཨིན་པས།
དུས་ཅི་ལོ་ལུ་ ཚལ་ལུའི་ཐོན་སྐྱེད་མངམ་སྦེ་ཡོདཔ་ཨིན་རུང་ ཚལ་ལུའི་སྦོམ་ཆུང་དེ་ དུས་ཅི་ཆུང་སུ་མཚམས་སྦེ་འདུག་ཟེར་ཨིནམ་ད་ ནང་འདྲེན་པ་ཚུ་གིས་འབད་བ་ཅིན་ ཁོང་གི་ ཊ་ཀ་དེ་ ཡུ་ཨེསི་དོ་ལར་དང་གཅིག་ཁར་དོ་འགྲན་བྱུང་ནི་དེ་གིས་ ཨིན་ཟེར་ཨིན་པས།
བཀྲམ་སྤེལ་འབད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སོ་ནམ་པ་ཚུ་གིས་ ཚལ་ལུའི་གོང་ཚད་ མཐོ་སུ་སྦེ་རྐྱབ་སྟེ་ཉན་མི་བཏུབ་དོ་ཡོདཔ་ད་ གལ་ལསྲིད་ཁོང་གིས་ གོང་ཚད་ལུ་བདེ་སྒྲིག་འབད་བ་ཅིན་ མི་སེར་ཚུ་གིས་ འདི་བཟུམ་གྱི་གོང་ཚད་ དམའ་སུ་སྦེ་བཙོང་ནི་ལས་ ཁོང་རའི་ནོར་སེམས་ཅན་ཚུ་ལུ་ ཟ་བཅུག་པ་ཅིན་དྲག་ནི་མས་ཟེར་སླབ་སྟེ་ ཉན་མི་བཏུབ་པས་ཟེར་ཨིན་པས།
སོ་ནམ་ཞིང་པ་ཚུ་གི་མནོ་བསམ་ལུ་ ང་བཅས་ཀྱིས་ ཕྱིར་ཚོང་འཐབ་སྟེ་ བར་ན་ལས་ ཁེ་སང་སྦོམ་སྦེ་ར་ཟ་དོ་ཡོད་པའི་ཚོར་སྣང་འདུག་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཕྱིར་ཚོང་འཐབ་མི་ཚུ་གིས་ ཚལ་ལུའི་ལྡུམ་ར་ནང་སོང་ཞིནམ་ལས་ ཚོད་དཔག་ཐོག་ལས་ ཚལ་ལུ་སྦུང་སྟབས་སྦེ་ ཉོ་དོ་ཡོདཔ་ད་ དེ་གི་ཤུལ་ལས་ ཚལ་ལུ་ཚུ་ ཚོང་སྒྱུར་མཛོད་ཁང་ཚུན་ འབག་འོང་དོ་ཡོདཔ་ཨིན་རུང་ ད་ལྟོའི་གནས་སྟངས་ནང་ ཁོང་གིས་ ཚལ་ལུ་ལེགས་ཉེས་ ཞིབ་དཔྱད་འབད་དེ་མ་གཏོགས་ ལེན་ནི་མེད་ཟེར་ཨིན་པས།
འབྲུག་སོ་ནམ་དང་ ཟ་སྤྱོད་ཁྲིམས་དོན་དབང་འཛིན་གྱི་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ འདས་པའི་ལོ་ནང་ ཚལ་ལུ་ མེ་ཊིག་ཊོན་༢༡,༥༡༨ ཕྱིར་ཚོང་འཐབ་མི་གིས་ ཡུ་ཨེས་ཌོ་ལར་ས་ཡ་༨.༠༦ འོང་འབབ་བཟོ་ནུག་ཟེར་ཨིན་པའི་གནས་ཚུལ།



རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment