གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་གསརཔ་ཚུ་ སེམས་ཕམ་བྱུང་ཡོདཔ།

༨/༡༢/༢༠༡༢   ཉམས་མྱོང་ཅན་ཚུ་གི་དོན་ལུ་མ་གཏོགས་ གསརཔ་ཚུ་གི་ ལཱ་གཡོག་གི་གོ་སྐབས་ ཚད་ཅིག་ལས་བརྒལ་མེདཔ་ཨིན་པས།

༉ རྒྱལ་ཡོངས་ལཱ་གཡོག་འགྲེམ་སྟོན་ནང་ ཨ་རྟག་བཟུམ་སྦེ་ ཉམས་མྱོང་ཡོད་མི་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་བྱིན་དོ་ཡོདཔ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་གསརཔ་ཚུ་ སེམས་ཕམ་བྱུང་ཡོདཔ་ཨིན་པས།
མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ ལཱ་གཡོག་འགྲེམ་སྟོན་ནང་ བཅའ་མར་གཏོགས་པའི་བསྒང་།


དེ་ཡང་ རྒྱ་གར་བེང་ལཱོར་ཁྲིམས་དོན་མཐོ་རིམ་སློབ་གྲྭ་མཇུག་བསྡུ་མི་ སྐྱེས་ལོ་༢༤ ལང་མི་ ཀུན་བཟང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ སྤྱིར་བཏང་ལཱ་གཡོག་གི་འགྲེམ་སྟོན་དེ་ ཚོང་རིག་ནང་ མཐོ་རིམ་ཤེས་ཚད་དང་ སྦྱོང་བརྡར་སྤེལ་ཁང་ དེ་ལས་ ཉམས་མྱོང་ཡོད་མི་ཚུ་གི་དོན་ལུ་རྐྱངམ་གཅིག་མ་གཏོགས་ ཁྲིམས་དོན་དང་འབྲེལ་བའི་ ཤེས་ཚད་ཡོད་མི་དང་ གཞན་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་གསརཔ་ཚུ་གི་དོན་ལུ་ ལཱ་གཡོག་གི་གོ་སྐབས་ ཚད་ཅིག་ལས་བརྒལ་ མེད་ནི་དེ་གིས་ སེམས་ཕམ་བྱུང་ཡི་ཟེར་ སླབ་ཨིན་པས།
ནང་རིག་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ བུཚ་ཅིག་གིས་འབད་བ་ཅིན་ ཚོང་ལས་ཁང་དང་ བཟོ་གྲྭ་འཕྲུལ་ཁང་ ལས་སྡེ་ དེ་ལས་ ལས་འཛིན་ཚུ་ནང་ ལཱ་གཡོག་གི་གོ་སྐབས་ གསལ་སྟོན་འབད་དེ་ཡོད་རུང་ ལཱ་གཡོག་གི་ས་སྟོང་ མང་ཤོས་ར་ ཧེ་མ་ལས་ བཙག་འཐུ་འབད་ཡོད་མི་ཚུ་ལུ་ བྱིན་ཡོདཔ་ལས་ སྤྱི་ལོ་༢༠༡༣ གྱི་དོན་ལུ་ འགྲེམ་སྟོན་རྐྱངམ་གཅིག་ འབདཝ་མས་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ སྟག་རྩེ་ རིག་གཞུང་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་མི་ ན་གཞོན་ཚུ་གིས་ བསམ་འཆར་བཀོད་མི་དང་འཁྲིལཝ་ད་ རྒྱལ་ཡོངས་ལཱ་གཡོག་འགྲེམ་སྟོན་ནང་ རྫོང་ཁའི་ཤེས་ཚད་ཡོད་མི་ཚུ་གི་དོན་ལུ་ ལཱ་གཡོག་གི་གོ་སྐབས་༡ དང་༢ ལས་བརྒལ་མེད་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ ཧ་གོ་མི་ཚུགས་པས་ཟེར་ སླབ་ཨིན་པས།
མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ མང་ཤོས་ཅིག་གིས་ སླབ་མིའི་ནང་ རྒྱལ་ཡོངས་ལཱ་གཡོག་འགྲེམ་སྟོན་ནང་ གསལ་སྟོན་འབད་མི་ ལཱ་གཡོག་གི་གོ་སྐབས་ཚུ་ ཉམས་མྱོང་ཡོད་མི་ཚུ་གི་དོན་ལུ་དང་ སྦྱོང་བརྡར་སྤེལ་ཁང་ཚུ་ལས་ མཐར་འཁྱོལ་མི་ཚུ་གི་དོན་ལུ་ཨིན་པ་ཅིན་ དུས་ཅི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ ལཱ་གཡོག་ག་ཅི་བཟུམ་ཅིག་ནང་ འཛུལ་ཞུགས་འབད་དགོཔ་ཨིན་ན་ཟེར་ཨིན་པས།
སློབ་དཔོན་གྱི་ སློབ་སྦྱོང་འབད་ནིའི་ གོ་སྐབས་ཐོབ་མི་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ སྐྱེས་ལོ་༢༣ ལང་མི་ ཕུརཔ་བཟངམོ་གིས་འབད་བ་ཅིན་ ལཱ་གཡོག་གི་གོ་སྐབས་དེ་ ལོ་བསྟར་བཞིན་དུ་ ཧེ་མ་ལས་ ལཱ་གཡོག་ཡོད་མི་ ཉམས་མྱོང་ཅན་ཚུ་ལུ་ གོ་སྐབས་སྤྲོད་དེ་ར་ སྡོད་པ་ཅིན་ རྒྱལ་ཁབ་ནང་ ན་གཞོན་ཚུ་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་དེ་ དུས་ནམ་ཡང་ བསལ་མི་ཚུགས་ནི་མས་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གི་ ཤེས་ཚད་དང་ལཱ་གཡོག་ རྟགས་མ་མཐུན་པའི་ དཀའ་ངལ་བྱུང་དོ་ཡོདཔ་ད་ མ་འོངས་པ་ལུ་ ཚོང་ལས་ཁང་ཚུ་གིས་ ལཱ་གཡོག་གི་ས་སྟོང་ གསར་གཏོད་འབད་དགོཔ་འདུག་ཟེར་ སླབ་ཨིན་པས།
ཨིན་རུང་ ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ གསུངས་མིའི་ནང་ ལས་གཡོག་ལྷན་ཁག་གིས་ འགྲེམ་སྟོན་ལས་རིམ་ འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་དང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ ན་གཞོན་དང་ སྦྱོང་བརྡར་སྤེལ་ཁང་ སློབ་རིམ་༡༠ པ་དང་༡༢ པ་ མཐར་འཁྱོལ་མི་ཚུ་གིས་ ཚོང་ལས་ཁང་ཚུ་ནང་ ལཱ་གཡོག་འབད་དེ་ ཕྱག་ཞུ་བ་ཅིན་ གཞུང་དང་མི་སེར་ལུ་ ཕྱག་ཞུ་མི་དང་ དབྱེ་བ་ག་ནི་ཡང་མེད་ཟེར་ཨིན་པས།
དེ་བཟུམ་སྦེ་ ན་གཞོན་ཚུ་གིས་ ཚོང་ལས་ཁང་ཚུ་ནང་ ཟླ་རིམ་དངུལ་ཕོགས་ལུ་མ་ལྟ་བར་ རང་ཉམས་མྱོང་འཐོབ་ནིའི་དོན་ལུ་དང་ རང་གི་ཤེས་ཚད་ཡར་དྲག་གཏང་ནི་ མི་ཚུ་དང་འབྲེལ་བ་འཐབ་ཐངས་ དེ་ལས་ རིག་རྩལ་ཚུ་ ལེགས་ཤོམ་བཟོ་ནིའི་དོན་ལུ་ དམིགས་གཏད་བསྐྱེད་དགོཔ་ཁག་ཆེ་ཟེར་ གསུངས་གནང་ཡི།
སྤྱིར་བཏང་རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་དེ་ བརྒྱ་ཆ་༢.༡ ཨིན་རུང་ ན་གཞོན་ལཱ་གཡོག་མ་ཐོབ་མི་ བརྒྱ་ཆ་༧.༣ ཡོདཔ་ལས་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ འབྲུག་རྒྱལ་ཁབ་ནང་ ལཱ་གཡོག་གི་ གོ་སྐབས་སྤྲོད་མི་དྲག་ཤོས་ཨང་༥ པ་ཐོན་ཏེ་ཡོད་ཟེར་ ཨིན་པས།
སྤྱི་ལོ་༢༠༡༢ ལོའི་ ལས་གཡོག་ལྷན་ཁག་གི་ ལཱ་གཡོག་བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ མི་རློབས་༧༣༠,༠༠༠ ཡོད་པའི་གྲས་ལས་ ཨམ་སྲུ་༣༦༠,༠༠༠ དང་ ཕོ་སྐྱེས་༣༧༠,༠༠༠ ཡོདཔ་བཞིན་དུ་ ལཱ་གཡོག་མ་ཐོབ་མི་༦,༩༠༤ ཡོདཔ་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༡༡ ལུ་ ལཱ་གཡོག་མེད་པའི་དཀའ་ངལ་དེ་ བརྒྱ་ཆ་༣.༡ ཡོད་རུང་ དུས་ཅི་ བརྒྱ་ཆ་༢.༡ ལུ་ མར་བབས་སོང་ཡོདཔ་ཨིན་རུང་ ན་གཞོན་དང་ ཨམ་སྲུ་ཚུ་ མང་ཤོས་ར་ ལཱ་གཡོག་མ་ཐོབ་པར་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ སློབ་རིམ་༡༠ པ་དང་༡༢ པ་མཐར་འཁྱོལ་ཏེ་ ལཱ་གཡོག་གི་དོན་ལུ་ ཐོ་བཀོད་འབད་མི་༡༠,༥༠༠ དང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༣,༠༠༠ དེ་ཅིག་གིས་ ཐོ་བཀོད་འབད་ཡོདཔ་ཨིན་པས།
ཁ་ཙ་ ཐིམ་ཕུ་ན་གཞོན་དཔལ་རི་ཁང་ནང་སྦེ་ ལས་གཡོག་ལྷན་ཁག་གིས་ རྒྱལ་ཡོངས་ལཱ་གཡོག་འགྲེམ་སྟོན་ཐེངས་༡༠ པའི་ནང་ བཅའ་མར་གཏོགས་མི་ ན་གཞོན་སྟོང་ཕྲག་ལྷགཔ་ཅིག་ འོང་ཡོད་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།




 

No comments:

Post a Comment