གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆོས་འབྲེལ་ལམ་སྲོལ་ནང་ མེད་ཐབས་མེད་པའི་ མཆོད་ཆས་རྔ་།

༨/༡༢/༢༠༡༢   ༉ འབྲུག་གི་ལམ་སྲོལ་ཚུ་གི་གྲས་ལས་ ཆོས་དང་འབྲེལ་བའི་ལམ་སྲོལ་ནང་ མཆོད་པའི་ཡོ་བྱེད་ཅིག་ཨིན་མི་ རོལ་མོའི་བྱེ་བྲག་ལས་ རྔ་ཟེར་བརྡུང་ནི་ཡོད་མི་དེ་ འབྲུག་ལུ་ ཚེས་བཅུ་དང་ རབ་གནས་ ལོ་ཆོག་ དུས་མཆོད་ཚུ་ག་ཅི་ར་འགོ་འདྲེན་འཐབ་རུང་ རྔ་དེ་ མེད་ཐབས་མེདཔ་ཅིག་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན།
རྔ་བཟོ་ནི་ལུ་མཁས་མཆོག་ཨིན་མི་ ཨཔ་ལྕང་མགོ།


རྔ་ཟེར་མི་དེ་ དོན་ལུ་ ཤིང་དང་ པགས་ཀོ་ རྔས་ཏོ་ལ་སོགས་པའི་ རྒྱུ་རྐྱེན་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ལུ་ སྒྲ་ཕུན་སུམ་ཚོགས་པ་ དེ་བཟུམ་ཅིག་བྱུང་མི་དེ་ལུ་ རྔ་ཟེར་གོ་ནི་ཨིན་རུང་ སྒྲ་བྱུང་སའི་ཆ་རྐྱེན་ལུ་སོང་བའི་རྒྱུ་མཚན་གྱིས་ ཤིང་གུ་པགས་ཀོ་སྤྲིངས་ཡོད་པའི་ དངོས་པོ་དེ་ལུ་ རྔ་ཟེར་སླབ་ཨིན་པས།
དེ་བཟུམ་མའི་རྔ་དེ་ ཀོ་བཟོ་དང་ གཤག་བཟོ་ དེ་ལས་ པ་ཏྲ་དང་ ལྷ་འབྲི་ཚུ་ བཟོ་རིག་པའི་ རིག་རྩལ་༤ མཉམ་བསྡོམས་ཐོག་ལས་ བཟོ་དོ་ཡོདཔ་ད་ ད་རེས་ཀྱི་གནས་སྟངས་ནང་ ཀོ་བཟོ་ལག་ལེན་འཐབ་མི་དེ་ ཉམས་འགྱོ་དོ་ཡོད་པའི་ མངོན་གསལ་ཡང་བྱུངམ་ཨིན་པས།
སྐྱེས་ལོ་༨༡ ལང་མི་ ལྕང་མགོ་གིས་ སྐྱེས་ལོ་ག་དེམ་ཅིག་ལས་ རྔ་བཟོ་ནི་འགོ་བཙུགས་བཙུགསཔ་ཨིན་ན་མ་ཤེསཔ་ཨིན་རུང་ ཁོ་གིས་རྔ་བཟོ་ནི་དེ་ ད་ལྟོའི་བར་ན་ཡང་ ལག་ལེན་འཐབ་དོ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ རྔ་གི་ཤིང་ གཤག་རྐྱབ་སྟེ་ འབུར་བཏོན་ཐོག་ལས་ སྒོར་སྒོར་བཟོ་ཡོད་མི་ཚུ་ཉོ་ཞིནམ་ལས་ དེ་གུ་ཀོཝ་སྤྲིངས་ནི་དང་ དབྱུག་པ་བཟོ་ནི་ དེ་ལས་ ཚོན་བཏང་ནི་ཚུ་ག་ར་ ཁོ་ར་གིས་ འབདཝ་ཨིན་པས།
དེ་འབདཝ་ད་ ད་རེས་ནངས་པ་ ཁོ་གིས་སླབ་མིའི་ནང་ ལོ་རྒས་སོཔ་ལས་ མིག་གིས་ལེགས་ཤོམ་མཐོང་མ་ཚུགས་ནི་དེ་གིས་ ཚོན་བཏང་ནི་དེ་ ཆ་རོགས་གཞན་མི་ལུ་སྤྲོད་དེ་ འབདཝ་ཨིན་ཟེར་ཨིན་པས།
ཁོ་གིས་ རྔ་ཤིང་ཚུ་ སྤུ་ན་ཁ་ལས་ཉོ་དོ་ཡོདཔ་ད་ འགོ་དང་པ་ རྔ་བཟོ་བའི་སྐབས་ རྔ་ཤིང་ཆ་རེ་ལུ་ རིན་གོང་དངུལ་ཀྲམ་༡༠༠ རེ་སྦེ་ཉོ་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ དངུལ་ཀྲམ་༡༧༠༠ རེ་སྤྲོད་དགོ་པས་ཟེར་ཨིནམ་ད་ དེ་བཟུམ་སྦེ་ རྔ་གི་དབྱུག་པ་ཆ་རེ་ལུ་ རིན་གོང་དངུལ་ཀྲམ་༥༠ རེ་འབད་མི་དེ་ ད་རེས་ནངས་པ་ དངུལ་ཀྲམ་༡༢༠༠ ལུ་ ཡར་སེང་སོང་ནུག་ཟེར་ཨིན་པས།
ཁོ་གིས་བཟོ་མིའི་རྔ་ཚུ་ ཧེ་མ་ འགོབཙུགས་པའི་སྐབས་ རྔ་ཆ་རེ་ལུ་ རིན་གོང་དངུལ་ཀྲམ་༥༠༠ རེ་སྦེ་བཙོང་མི་ཚུ་ ད་རེས་ནངས་པ་ དངུལ་ཀྲམ་༧༥༠༠ ལུ་ ཡར་སེང་འབད་དེ་ བཙོངམ་ཨིན་ཟེར་བཤདཔ་ཨིན་པས།
ཁོ་ར་ དགེ་སློང་བགྲེསཔ་ཅིག་ཨིནམ་ལས་ གནས་ཚང་དང་ ཨ་ལུ་མེད་མི་ལུ་བརྟེན་ ཁོ་གིས་ཤེས་མིའི་རིག་རྩལ་དེ་ ཤུལ་འཛིན་མི་ག་ཡང་མེད་རུང་ ཐིམ་ཕུ་ཀ་བ་བྱང་ས་ བཟོ་རིག་བཅུ་གསུམ་ནང་ལུ་ སློབ་ཕྲུག་༤ དེ་ཅིག་ལུ་ རྔ་གི་ དབྱུག་པ་བཟོ་ཐངས་ལས་ ཀོཝ་གི་ སྤུ་ཀྲེག་ཐངས་ཚུ་ ག་ར་ལེགས་ཤོམ་སྦེ་ སློབ་སྟོན་འབད་ཡི་ཟེར་ཨིན་པས།
རྔ་པགས་སྤྲིངས་ནིའི་དོན་ལུ་ ར་པགས་དེ་ ལག་ལེན་ཆེ་དྲགས་ཡོདཔ་ད་ རྔ་བཟོ་བའི་སྐབས་ ཀོཝ་སྤྲིངས་ནི་དེ་ རིག་རྩལ་ཁག་ཆེ་ཤོས་ཅིག་ཨིན་མི་དེ་ཡང་ ཀོཝ་གི་སྤུ་ཀྲེག་ཐངས་དང་ སྤྲིངས་ཐངས་ལེགས་ཤོམ་མེད་པ་ཅིན་ རྔ་དེ་གིས་ སྐད་ལེགས་ཤོམ་མི་འཐོན་དོ་ཡོདཔ་ལས་ དྲནམ་བཏོན་ཐོག་ལས་འབད་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
ཆོས་དང་འབྲེལ་བའི་ལམ་སྲོལ་དེ་ལུ་ མེད་ཐབས་མེདཔ་ཅིག་ཨིན་རུང་ འབྲུག་ལུ་ཀོ་བཟོའི་ལཱ་འབད་མི་ ན་གཞོན་མིན་འདུག་ཟེར་ཨིནམ་ད་ ད་རུང་ ཁོ་བཟུམ་སྦེ་ ཀོ་བའི་ལཱ་འབད་མི་ཅིག་ ས་གནས་ བདེ་ཆེན་ཆོས་གླིང་ལུ་ སྐྱེས་ལོ་༨༣ ལང་མི་ རྔ་གུ་ཀོཝ་སྤྲིངས་ནི་དང་ དཔའ་རྟགས་ཀྱི་སྐད་ཐག་བཟོ་མི་ ཀོ་བཟོཔ་སངས་རྒྱས་ཀྱིས་སླབ་མིའི་ནང་ ཀོ་བཟོ་ལག་ལེན་འཐབ་མི་དེ་ ད་རེས་ནངས་པ་ མི་དག་པ་ཅིག་ལས་མིན་འདུག་ཟེར་ཨིན་པས།
རྩོམ་འབྲི་མཁས་མཆོག་དང་ ཞིབ་འཚོལ་བ་ཅིག་ཨིན་མི་ སློབ་དཔོན་ཀུན་བཟང་གིས་སླབ་མིའི་ནང་ རྔ་ལུ་བཟོ་དབྱིབས་ཀྱི་ཐོག་ལས་ དབྱེ་ཁག་༢ དང་ ཚོན་ཁྲའི་ཐོག་ལུ་དབྱེ་བ་༤ དེ་ཅིག་ཡོད་ཟེར་ཨིན་པས།
དེ་ཡང་ འབུར་རྔ་དང་ ཟོང་རྔ་ཟེར་ དབྱིབས་ཀྱི་སྒོ་ལས་དབྱེ་བ་ཡོད་མི་དང་ མེ་རྔ་དང་ འབྲུག་རྔ་ ཐོད་རྔ་དང་ གསེར་རྔ་ཟེར་ ཚོན་ཁྲའི་སྒོ་ལས་ དབྱེ་བ་༤ ཡོདཔ་མ་ཚད་ ཆོག་ག་རིམ་གྲོའི་སྐབས་ལག་ལེན་འཐབ་མི་ རྔ་སྦོམ་དེ་ཚུ་ མཆོད་རྔ་དང་ རྔ་འཆམ་རྐྱབ་ད་ ལག་ལེན་འཐབ་མི་ རྔ་ཆུང་ཀུ་ཚུ་ འཆམ་རྔ་ཟེར་ཡང་ སླབ་སྲོལ་ཡོདཔ་ཨིན་པས།
རྔའི་དབྱུག་པ་གི་མཇུག་དེ་ རྡོ་རྗེ་དང་ཕུརཔ་སྦེ་བཟོ་ཚུལ་༢ ཡོདཔ་ཨིན་རུང་ འབྲུག་ལུ་ཡོད་མི་རྔ་ཚུ་ མང་ཤོས་ར་ རྡོ་རྗེ་ཡོདཔ་ད་ དེ་ཡང་ ཆོས་གྲལ་ལུ་བཞུགས་མི་ གྲུབ་པ་ཡང་དག་པ་ཚུ་གིས་ བསྟན་པའི་དགྲ་བོ་བསྒྲལ་ནིའི་དོན་ལུ་ རྔའི་དབྱུག་པ་དེ་ རྡོ་རྗེ་ཕུར་པ་སྦེ་ ལག་ལེན་འཐབ་སྲོལ་གྱི་ ལོ་རྒྱུས་ཡོདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment