གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུ་ལི་གཡུས་ཚན་གྱི་ ཚོང་པ་ཚུ་ ཚ་གྱང་ལང་དོ་ཡོདཔ།

བུ་ལི་ལུ་ ཁྲོམ་གྱི་འོས་འབབ་ཡོདཔ་ལས་ འཆར་གཞི་༡༡ པའི་ནང་ གཞུང་གིས་ ལྟ་རྟོག་འབད་འོང་ཟེར་ཨིན་པས།
སྒེར་ས་ནང་ ཆགས་ནི་དེ་གིས་ སྤོ་འགྱོ་དགོཔ་སྦེ་སླབ་ཡོད་མི་ བུ་ལི་ཁྲོམ།
 ༣/༡༢/༡༢། ༉ གཞལམ་སྒང་རྫོང་ཁག་གི་ བུ་ལི་གཡུས་ཚན་ནང་ ཚོང་ཁང་༦ ཡོད་མི་ཚུ་ག་ར་ སྒེར་ས་ནང་ རྐྱབ་སྟེ་ཡོདཔ་ལས་ སའི་ཇོ་བདག་གིས་ འཕྲལ་མགྱོགས་ར་ སྤོ་དགོ་པའི་ ཨུ་ཚུགས་བསྐྱེད་ནི་དེ་གིས་ ཚོང་པ་ཚུ་ ག་ཏེ་འགྱོ་ནི་ཨིན་ན་ མ་ཤེས་པར་ཡོདཔ་ཨིན་པས།

བུ་ལི་གཡུས་ཚན་གྱི་ སྦོ་ལོགས་ཁར་ཡོད་མི་ མཚོ་ཤུལ་ཡོད་སའི་ ཉེ་འདབས་ལུ་ ཐོག་ཚད་༡ འབད་མི་ སྦ་སྒོར་ཚུ་ ཚོང་ཁང་སྦེ་ ལག་ལེན་འཐབ་སར་ མཐོང་མི་ཚུ་གིས་ ཤིང་མཁར་རྒེད་འོག་གི་ མི་སེར་ཚུ་ལུ་ཡང་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།


ཨིན་རུང་ འདས་པའི་ལོ་ནང་ ཤིང་མཁར་རྒེད་འོག་ནང་ སོ་ནམ་ཞིང་ལམ་ལྷོད་པའི་ཤུལ་ལས་ བུ་ལི་ལུ་ཡོད་མི་ ཚོང་པ་༢ ཀྱིས་ མ་ལ་ཡ་ཟེར་ས་ ད་ལྟོ་ཡོད་མི་ ས་ཁོངས་ནང་ལས་སྤོ་སྟེ་ རྒེད་འོག་དེ་ནང་ འགྱོ་སའི་ལམ་ཁར་ བཙུགས་ཏེ་ཡོདཔ་ལས་ ཚོང་ཉོ་མི་ཡང་ ལེ་ཤ་ཡོད་པའི་ཁར་ སའི་ཇོ་བདག་གིས་ སྤྲོད་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།

གཡུས་ཚན་དེ་ནང་ ཚོང་ཁང་བཙུགས་ཏེ་ ལོ་༦ དེ་ཅིག་ལང་མི་ པདྨ་གཡང་སྐྱིད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལོ་བསྟར་བཞིན་དུ་ སའི་ཇོ་བདག་ལུ་ སའི་གླ་ཆ་དངུལ་ཀྲམ་༡༠༠ ལས་ སྤྲོད་མ་དགོ་རུང་ སྤོ་དགོཔ་སྦེ་ སླབ་ནི་དེ་གིས་ ག་ཏེ་སྤོ་ནི་ཨིན་ན་ མ་ཤེས་ཟེར་ཨིནམ་ད་ གཞུང་གིས་ གྲོགས་རམ་མ་འབད་བ་ཅིན་ ལོག་སྟེ་ མོ་རའི་གཡུས་ཁར་ འགྱོ་ནི་ཟེར་ཨིན་པས།


དེ་བཟུམ་སྦེ་ སྣ་ཚོགས་ཚོང་ཁང་བཙུགས་སྡོད་མི་ ཨམ་པདྨ་ཆོས་འཛོམས་ཡང་ ཉེ་འདབས་ལས་ཕར་ གཞུང་ས་ནང་ བཙུགས་ནི་གི་ཐབས་ལམ་མེད་པ་ཅིན་ ལོག་སྟེ་ མོ་རའི་གཡུས་ ཉིམ་གཞོང་ལུ་ འགྱོ་ནི་ཟེར་ཨིན་པས།
ཚོང་པ་ལ་ལུ་གིས་ སླབ་དོ་བཟུམ་སྦེ་ སའི་ཇོ་བདག་གིས་ ས་ཆ་དེ་ ཁོ་རའི་ཨིན་ཟེར་ སླབ་ཨིན་རུང་ གཏན་འཁེལ་ཅིན་མིན་འདུག་ཟེར་ཨིན་པས།


གནད་དོན་དེ་གི་སྐོར་ལས་ ཚོང་པ་ཚུ་གིས་ རབ་འབྱུང་པ་ཅིན་ ཉེ་འདབས་ལུ་ཡོད་མི་ རྒེད་འོག་ཡིག་ཚང་གི་སྦོ་ལོགས་ཁར་ ཐང་སྦོམ་ཅིག་ཡོད་མི་དེ་ནང་ བཙུགས་ནི་གི་ ཞུ་བ་འབད་ཡོད་རུང་ ད་ལྟོ་ ཁ་གསལ་མེདཔ་ཨིན་པས།


དཀའ་ངལ་དེ་གི་སྐོར་ལས་ འདས་པའི་བདུན་ཕྲག་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གཞལམ་སྒང་རྫོང་ཁག་ནང་ ལྟ་སྐོར་འབད་བའི་སྐབས་ ཞུ་བ་འབད་ཡོད་པའི་ཁར་ ཚོང་པ་ཚུ་གིས་ ཡན་ལག་ཁྲོམ་སྦེ་ བཟོ་དགོ་པའི་ཞུ་བ་འབད་ཡི།


དེ་གི་སྐོར་ལས་ བློན་ཆེན་གྱིས་ ཁྲོམ་གྱི་འོས་འབབ་ཡོདཔ་ལས་ འཆར་གཞི་༡༡ པའི་ནང་ གཞུང་གིས་བལྟ་སྟེ་འབད་འོང་ཟེར་ཨིནམ་ད་ ཨིན་རུང་ ཡན་ལག་དངུལ་ཁང་དགོ་པའི་ ཞུ་བ་འབད་མི་ལུ་ དངུལ་ཁང་ཚུ་ གཞུང་གི་མེནམ་ལས་ ཐག་བཅད་མི་ཚུགས་ཟེར་བཤད་ཅི།


ཨིན་རུང་ བུ་ལི་ལས་ མི་སེར་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ བུ་ལི་དེ་ ཉེ་འདབས་ཀྱི་ཁྲོམ་ གཞལམ་སྒང་ལས་ ཀི་ལོ་མི་ཊར་༦༣ ལྷགཔ་ཅིག་གི་ས་ཁར་ཨིནམ་ལས་ ས་གནས་དེ་ནང་ལཱ་འབད་མི་ དཔེར་ན་ སློབ་གྲྭའི་སློབ་དཔོན་བཟུམ་ཅིག་ ཏི་རུ་དགོཔ་ཐོན་ཏེ་ འགྱོ་ནི་ལུ་ སློབ་གྲྭའི་ དུས་ཚོད་ལུ་ བར་ཆད་རྐྱབ་དོ་ཡོདཔ་ལས་ ཨ་ལུ་ཚུ་གི་ སློབ་སྦྱོང་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ལས་ ཡན་ལག་ཡིག་ཚང་ཅིག་ དགོཔ་འདུག་ཟེར་ཨིན་པས།


ཞབས་ཏོག་ལྷན་ཁག་གི་དྲུང་ཆེན་ བསོད་ནམས་བསྟན་འཛིན་གྱིས་ ཁྲོམ་ཆུང་ཀུ་ བུ་ལི་བཟུམ་ཆགས་ནི་ལུ་ ས་གོ་ཡོད་པ་ཅིན་ ཆགས་ཚུགས་ཟེར་ ཨིན་པའི་གནས་ཚུལ།


གཞལམ་སྒང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment