གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྱིབ་ཀྱི་རྩྭ་གདན་ནང་ འགོ་དང་པ་ ཕུཊ་བཱོལ་རྩེད་འགྲན་འབད་ནི།

༡༣/༡༢/༢༠༡༢   ༉ ཐིམ་ཕུ་ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ བཅོས་མའི་རྩྭ་ཐུང་གྱི་ ལས་འགུལ་བཟོ་སྐྲུན་འབད་ཚར་ཏེ་ཡོདཔ་ལས་ སྤྱི་ཟླ་༡༢ པའི་ཚེས་༡༥ ལུ་ འགོ་འབྱེད་རྟེན་འབྲེལ་འབདཝ་དང་འབྲེལ་ ཀོ་ཀ་ཀོ་ལ་རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་ འགོ་བཙུགས་ནི་ཨིན་པས།
གྱིབ་ཀྱི་རྩྭ་གདན་འཐིང་ཚར་མི་ ཐིམ་ཕུ་ ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་།


རྩེད་འགྲན་འགོ་མ་བཙུགས་པའི་ཧེ་མར་ སྐུ་མགྲོན་གཙོ་བོ་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨོ་རྒྱན་དབང་ཕྱུག་མཆོག་གིས་གཙོས་པའི་ འབྲུག་ཨོ་ལིམ་པིག་ཚོགས་སྡེའི་ སྡེ་ཚན་དང་ གཞུང་གཡོགཔ་བགྲེསཔ་ཚུ་གི་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
འབྲུག་རྒྱལ་ཁབ་ནང་ གྱིབ་ཀྱི་རྩྭ་གདན་ཐོག་ཁར་ ཕུཊ་བཱོལ་རྩེད་འགྲན་འབད་ནི་དེ་ འགོ་དང་པ་ཨིནམ་བཞིན་དུ་ ཀོ་ཀ་ཀོ་ལ་རྒྱལ་ཡོངས་ལིག་གི་རྩེད་འགྲན་ནང་ ཐིམ་ཕུ་ལས་ སྡེ་ཚན་༣ དང་ སྤུ་ན་ཁ་ ཆུ་ཁ་ དེ་ལས་ བསམ་རྩེ་རྫོང་ཁག་ཚུ་ལས་ སྡེ་ཚན་༦ གིས་ བཅའ་མར་གཏོགས་ནི་ཨིན་པས།
རྒྱལ་ཡོངས་ཕུཊ་བཱོལ་ལིག་གི་ རྩེད་འགྲན་ནང་ ཀོ་ཀ་ཀོ་ལ་ཟེར་ བཞག་དགོ་མི་དེ་ ལོ་༣ ནང་ ཀོ་ཀ་ཀོ་ལ་ཚོང་འབྲེལ་སྡེ་ཚན་གྱིས་ ལོ་བསྟར་བཞིན་དུ་ མ་དངུལ་གྱི་རྒྱབ་སྐྱོར་ དངུལ་ཀྲམ་ས་ཡ་༡ རེ་ བྱིན་ནི་ཨིན་པས།
འགོ་འབྱེད་འབད་བའི་ཉིནམ་ལུ་ ཐིམ་ཕུ་ལས་ འབྲུག་པཱོལ་དང་ སྤུ་ན་ཁ་ལས་ ཨྱོན་སློབ་སྡེའི་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིནམ་བཞིན་དུ་ བདུན་ཕྲག་གི་ གཟའ་ཟླ་བ་ཨ་རྟག་ར་ རྩེད་འགྲན་འབད་ནི་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེའི་འགོ་དཔོན་ བསོད་ནམས་འཇིགས་མེད་ཀྱིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་སྤྱི་ཕུཊ་བཱོལ་ཚོགས་སྡེའི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ལས་འགུལ་དེ་ འགོ་བཙུགས་ཡོདཔ་ཨིན་རུང་ དུས་ཚོད་ཁར་ བཟོ་སྐྲུན་འབད་མ་ཚར་མི་དེ་ གནམ་བྱཱར་གྱི་ གནམ་གཤིས་གནས་སྟངས་ལུ་བརྟེན་ཨིན་རུང་ འཕྲལ་ཁམས་ཅིག་ཁར་ ཨིང་ལེནཌི་དང་ ནེ་དར་ལེནསི་རྒྱལ་ཁབ་ལས་ ལཱ་འབད་མི་མཁས་མཆོག་༣ འོང་སྟེ་ བཟོ་སྐྲུན་འབད་ཚར་ཡི་ཟེར་ཨིན་པས།
ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་དེ་ རྒྱལ་སྤྱིའི་ལམ་ལུགས་དང་འཁྲིལ་ རིང་ཚད་མི་ཊར་༡༡༠ དང་ རྒྱ་ཚད་མི་ཊར་༧༠ ཡོདཔ་མ་ཚད་ རིང་ཚད་མི་ཊར་༦༠ དང་ རྒྱ་ཚད་མི་ཊར་༤༠ འབད་མི་ ཕུཊ་བཱོལ་རྩེད་ཐང་ཆུང་རིམ་དེ་ཡང་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ཨིན་པས།
ད་རེས་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ བཅོས་མའི་རྩྭ་ཐུང་གི་ ལས་འགུལ་ཐེངས་༣ པ་ཨིནམ་ད་ ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་ནང་ཡང་ བཟོ་སྐྲུན་འབད་ནི་ཨིན་མི་དེ་ ལས་འགུལ་༤ པ་ཨིནམ་བཞིན་དུ་ ལས་འགུལ་༣ པ་དང་༤ པ་ལུ་ ཟད་འགྲོ་མ་དངུལ་ཡོངས་བསྡོམས་ ཡུ་ཨེསི་ཌོ་ལར་༩༠༠,༠༠༠ རྒྱལ་སྤྱི་ཕུཊ་བཱོལ་ཚོགས་སྡེ་གིས་ གྲོགས་རམ་འབད་ཡོད་པའི་གནས་ཚུལ།


 
བཀྲིས་ཕུན་ཚོགས།

No comments:

Post a Comment