གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒེད་འོག་གསུམ་ནང་ ཁས་བླངས་ཐོག་ལས་ ནུབ་མོའི་ལྟ་རྟོག་འབད་དོ་ཡོདཔ།

༡༢/༡༢/༢༠༡༢   ༉ ས་གནས་གཞན་ཁར་སྡོད་མི་ མི་སེར་ཚུ་ ཕྱི་རུའི་ལྟོ་བཟའ་ཞིནམ་ལས་ ཉལ་ནི་གི་བཅའ་སྒྲིག་རྐྱབ་དོ་ཡོདཔ་ཨིན་རུང་ ཇོ་མོ་ཚང་ཁ་ཁྲོམ་ཁའི་ཕོ་སྐྱེས་ཚུ་ གོ་ལ་ཚ་ཏོག་ཏོ་གྱོན་ཞིནམ་ལས་ འཕྲུལ་མེ་འབག་སྟེ་ ཕྱི་ཁར་འགྱོ་དོ་ཡོདཔ་ཨིན་པས།
ཇོ་མོ་ཚང་ཁའི་མི་ཚུ་ ནུབ་མོར་ཉེན་སྲུང་སྟ་སྟོག་འབད་བའི་བསྒང་།


ཕྱི་རུའི་ཆུ་ཚོད་༩ ལངམ་ཅིག་ ཞི་གཡོགཔ་དང་ ཚོང་པ་ སྒེར་སྡེ་ བཟའ་ཁང་གི་ཇོ་བདག་ཚུ་གིས་ སྡེ་ཚན་རེ་ནང་ འཐུས་མི་༢༠ རེ་འབད་མི་ སྡེ་ཚན་ཁག་༣ སྦེ་དབྱེ་ཞིནམ་ལས་ ཇོ་མོ་ཚང་ཁའི་ ཁྲོམ་གྱི་ས་ཁོངས་༣ ནང་ འཛོམས་དོ་ཡོདཔ་ཨིན་པས།
སྡེ་ཚན་རེ་ནང་ སྡེ་ཚན་འགོ་ཁྲིདཔ་དང་ འགོ་ཁྲིདཔ་ལས་རོགསཔ་ བསྐོ་བཞག་འབད་ཡོདཔ་བཞིན་དུ་ ཁོང་གིས་ སྡེ་ཚན་གྱི་ འཐུས་མི་ཚུ་ཚངམ་སྦེ་ འོང་མ་འོང་ ལྟ་རྟོག་འབད་ཞིནམ་ལས་ རང་སོའི་ ཉེན་སྲུང་ལྟ་རྟོག་གི་ས་ཁོངས་ནང་ འགྱོ་དོ་ཡོདཔ་ཨིན་པས།
ཉེན་སྲུང་ལྟ་རྟོག་གི་ས་ཁོངས་ ངོས་འཛིན་འབད་དེ་ཡོད་མི་ཚུ་ཡང་ ས་མཚམས་ཀྱི་སྒོ་ར་སྒོ་དང་ ཚོད་བསྲེ་ཁྲོམ་གྱི་ཉེ་འདབས་ སྨན་ཁང་འབྲིང་མ་ གླང་ཅན་ཕུག་འགྱོ་སའི་ཟམ་ དེ་ལས་ ས་གནས་གཞན་ལེ་ཤ་ཅིག་ར་ཡོདཔ་ཨིན་པས།
ཉེན་སྲུང་ལྟ་རྟོག་འབད་མི་ཚུ་གིས་ སྡེ་ཚན་ནང་སོང་ཞིནམ་ལས་ གནམ་ནུབ་མོ་ མི་ངོ་མ་ཤེས་མི་ཚུ་ ག་དེ་སྦེ་ འགྱོ་དོ་ཡོདཔ་ཨིན་ན་ཚུ་ ལྟ་རྟོག་འབད་དོ་ཡོདཔ་ཨིན་པས།
ཇོ་མོ་ཚང་ཁ་ལུ་ ནུབ་མོའི་ཉེན་སྲུང་ལྟ་རྟོག་འབད་ནི་འགོ་བཙུགས་ཏེ་ བདུན་ཕྲག་༡ ལྷགཔ་ཅིག་ སོང་ཡོདཔ་ད་ དེ་སྦེ་ ལྟ་རྟོག་འགོ་བཙུགས་དགོ་མི་དེ་ཡང་ སྤྱི་ཟླ་༡༡ པའི་བདུན་ཕྲག་༢ པའི་ནང་ འབྲུག་གི་ས་མཚམས་ཀྱི༌ཉེ་འདབས་ རྒྱ་གར་གྱི་གཡུས་ཚན་ ཀུ་མི་ཧོ་གླིང་ཟེར་ས་ལུ་ ཕོ་སྐྱེས་༡ འབྲུག་པའི་ནགས་ཚལ་ ཉེན་སྲུང་ལྟ་རྟོག་འབད་མི་ཚུ་གིས་ བསད་ཡོད་མི་ལུ་བརྟེན་ཏེ་ཨིན་པས།
རྐྱེན་ངན་དེ་ བྱུང་པའི་ཤུལ་ལུ་ དྲུང་ཁག་འགོ་དཔོན་ཚུ་གིས་ ས་གནས་ནང་ ཉེན་སྲུང་ལྟ་རྟོག་འབད་ནིའི་སྐོར་ལས་ གྲོས་བསྟུན་འབད་བའི་ཤུལ་ལུ་ ས་གནས་ཀྱི་ མི་སེར་ཚུ་གིས་ ཁས་བླངས་ཐོག་ལས་ ཉེན་སྲུང་ལྟ་རྟོག་འབད་ནི་ འགོ་བཙུགས་ཅི་ཟེར་ འབྲུག་གློག་མེ་ལས་འཛིན་ནང་ ལཱ་འབད་མི་ ཀརྨ་དོན་གྲུབ་ཀྱིས་ བཤདཔ་ཨིན་པས།
ཉེན་སྲུང་ལྟ་རྟོག་གི་ལས་དོན་དེ་ཡང་ ནུབ་མོའི་ཆུ་ཚོད་༡༡ ཚུན་ འབད་དོ་ཡོདཔ་ཨིན་པས།
ས་གནས་ཀྱི་ ཁས་བླངས་པ་ཚུ་གིས་ ནུབ་མོའི་ཆུ་ཚོད་༡༡ ཚུན་ ལྟ་རྟོག་སྦེ་སྡོད་པའི་ཤུལ་ལུ་ ཉེན་ཁ་ཚུ་ མ་ཐོན་པ་ཅིན་ ཁྱིམ་ནང་ལོག་འགྱོ་དོ་ཡོདཔ་ཨིན་རུང་ ཁྲིམས་སྲུང་འགག་པ་ཚུ་ ནུབ་གང་ར་ ལྟ་རྟོག་འབད་དེ་ སྡོདཔ་ཨིན་པས།
གླང་ཅན་ཕུག་གི་ སོ་ནམ་པ་ཚུ་གིས་ཡང་ ས་གནས་ཀྱི་མི་སེར་ སྡེ་ཚན་༦ དེ་ཅིག་བཟོ་ཡོདཔ་ད་ མི་སེར་ཚུ་གིས་ དྲོ་པའི་ཆུ་ཚོད་༢ ཚུན་ ཉེན་སྲུང་ལྟ་རྟོག་འབད་དོ་ཡོདཔ་ཨིན་པས།
བྱང་ས་ཚོགས་པ་ལས་ མང་གཱལ་སུ་བཱ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་མཚམས་བརྒལ་ཏེ་ རྒེད་འོག་ནང་ འོང་ནི་ལུ་ འཇམ་ཏོང་ཏོ་ཡོད་ནི་དེ་གིས་ ས་གནས་ནང་ མི་མ་འདྲཝ་ག་འོང་རུང་ དྲི་བཀོད་འབད་ཡི་ར་ བཏང་དོ་ཟེར་ཨིན་པས།
གླང་ཅན་ཕུག་གི་ ཚོགས་པ་གིས་འབད་བ་ཅིན་ སྤྱི་ལོ་༡༩༩༠ གོ་གྲངས་ནང་ ཁས་བླངས་ཚོགས་པ་བཟོ་ཐོག་ལས་ ཉེན་སྲུང་ལྟ་རྟོག་འབད་ཡོདཔ་ཨིན་རུང་ དེ་བསྒང་ འཚུབས་ཆེན་ཅིག་ག་ཅི་ཡང་ མ་བྱུངམ་ལས་ དེ་ཅིག་སྦེ་ར་ཞི་བདེ་བྱུང་ཡི་ཟེར་ཨིན་པས།
དྲུང་ཁག་གི་ གསལ་བསྒྲགས་དང་འཁྲིལ་བ་ཅིན་ ས་གནས་ནང་གི་ མི་སེར་ཚུ་གིས་ སྤྱི་ཟླ་༡༢ པའི་ཚེས་༡༧ ལུ་རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་ བརྩི་སྲུང་འབད་མ་ཚར་ཚུན་ ཉེན་སྲུང་ལྟ་རྟོག་འབད་དགོཔ་སྦེ་ ཡོདཔ་ཨིན་པས།
ཀི་ཤོར་ཏ་མང་གིས་འབད་བ་ཅིན་ རང་གི་ཉེན་སྲུང་དེ་ ཁག་ཆེ་མི་ལུ་བརྟེན་ དྲུང་ཁག་གི་ གསལ་བསྒྲགས་ལུ་ གནས་ནི་མིན་པར་ ཉེན་སྲུང་དང་ལྡནམ་སྦེ་ ཞི་བདེ་མ་འགྱོ་ཚུན་ར་ ལྟ་རྟོག་འབད་ནི་ཟེར་ ཨིན་པའི་གནས་ཚུལ།


 
ཡེ་ཤེས་སྒྲོལ་མ།

No comments:

Post a Comment