གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐུན་འབྲེལ་ཐོག་ལས་ལཱ་འབད་མི་གིས་ དབུལ་ཕོངས་ཀྱི་དཀའ་ངལ་བསལ་ཚུགས་ནི།

༡༢/༡༢/༢༠༡༢   ༉ འཆར་གཞི་༡༡ པའི་དམིགས་ཡུལ་དང་འཁྲིལ་ གཡུས་སྒོ་ནང་ལས་ཐོན་མི་སོ་ནམ་ཐོན་སྐྱེད་དང་ སྒོ་ནོར་ཐོན་སྐྱེད་ཚུ་ མཐར་འཁྱོལ་ཅན་སྦེ་ ཚོང་འབྲེལ་འཐབ་སྟེ་ འོང་འབབ་བཟོ་ཚུགས་ཐབས་ལུ་ སྤྱི་ཟླ་༡༢ པའི་ཚེས་༡༠ ལུ་ ཐིམ་ཕུ་ མིག་དམར་ཟ་ཁང་ནང་སྦེ་ གོ་བསྡུར་ཞལ་འཛོམས་འཚོགས་ཡོདཔ་ཨིན་པས།

དབུལ་ཕོངས་དཀའ་ངལ་བསལ་ཐབས་ལུ་ ཞལ་འཛོམས་འཚོགས་པའི་བསྒང་།

དེ་ཡང་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་ཀྱིས་ མི་སྡེའི་དབུལ་ཕོངས་དཀའ་ངལ་བསལ་ཐབས་ལུ་དམིགས་གཏད་ རྒྱལ་ཁབ་ནང་ འགོ་དང་པ་ འབྲེལ་ཡོད་གཞུང་གི་འགོ་དཔོན་དང་ སྒེར་སྡེ་ ལས་སྡེ་ དངུལ་ཁང་འགོ་དཔོན་ དེ་ལས་ མི་སེར་སོ་ནམ་པ་ཚུ་གི་བར་ན་ སོ་ནམ་ཐོན་སྐྱེད་ཚུ་ ཚོང་ལམ་གཞི་བཙུགས་འབད་ནིའི་དོན་ལུ་ གྲོས་བསྡུར་ཞལ་འཛོམས་འཚོགས་ཅི།
ཚོང་འབྲེལ་དང་མཉམ་འབྲེལ་ལས་ཁུངས་ མདོ་ཆེན་རྡོ་རྗེ་དགྲ་འདུལ་གྱིས་ སླབ་མི་དང་འཁྲིལཝ་ད་ འབྲེལ་གནད་ཅན་གྱི་སོ་ནམ་ཞིང་པ་ཟེར་བའི་བརྗོད་དོན་ཐོག་ལུ་ ལས་རིམ་དེ་ ལྷན་ཁག་ནང་ གྲོས་བསྡུར་འབད་ཡོད་རུང་ སྤྱིར་བཏང་ རྒྱལ་ཁབ་ནང་ བརྗོད་དོན་དེ་གི་ཐོག་ལུ་ ལས་རིམ་དེ་ འབྲེལ་བ་ཡོད་པའི་འགོ་དཔོན་ཚུ་དང་གཅིག་ཁར་ གྲོས་བསྡུར་མ་འབད་བར་ཡོདཔ་ལས་ གོ་བ་བརྡ་སྤྲོད་འབདཝ་ད་ དཀའ་ངལ་བྱུང་བཞིན་དུ་ར་འདུག་ཟེར་ཨིན་པས།
ད་རིས་ ལས་རིམ་འདི་གི་སྐོར་ལས་ འབྲེལ་བ་ཡོད་པའི་སྒེར་སྡེ་དང་ ལས་སྡེ་ཚུ་གིས་ གོ་བསྡུར་ཞལ་འཛོམས་ནང་ འབྲེལ་གཏོགས་འབད་ཡོདཔ་ལས་ གནད་དོན་འདི་གི་སྐོར་ ཤེས་རྟོགས་བྱུང་ཡོད་མི་ལུ་བརྟེན་ ད་ལས་ཕར་ ལས་རིམ་དེ་གི་དམིགས་ཡུལ་འགྲུབ་ཐབས་ལུ་ ཟླཝ་༦ ཡངན་ ལོ་རེའི་ནང་ ཞལ་འཛོམས་ཚར་རེ་ འཚོགས་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་ ཨིན་པས།
འབྲེལ་གནད་ཅན་གྱི་སོ་ནམ་པ་ཟེར་མི་དེ་ ག་ཅི་བཟུམ་ཅིག་ལུ་སླབ་སྨོ་ཟེར་བ་ཅིན་ ད་ཚུན་ གཡུས་སྒོ་ཚུ་ནང་ མི་སེར་ཉམ་ཆུང་ཚུ་གིས་ ལོ་ཐོག་ག་ཅི་འཛུགས་སྐྱོང་འབད་རུང་ རང་ལངམ་ཅིག་མ་གཏོགས་ ཚོང་འབྲེལ་དོན་ལུ་ འཛུགས་སྐྱོང་འཐབ་ནི་མེདཔ་ད་ གལ་སྲིད་ མི་རེ་གཉིས་ཀྱིས་འབད་མི་ཚུ་ཡང་ ཚོང་འབྲེལ་འཐབ་ནི་ལུ་ དཀའ་ངལ་སྦོམ་བྱུང་ཡོདཔ་ལས་ ད་ལས་ཕར་ ལས་རིམ་དེ་ལུ་བརྟེན་ ཐོན་སྐྱེད་ཚོང་འབྲེལ་གྱི་ལམ་ཕྱོགས་ ལེགས་ལྡན་ལུ་འགྱུར་ཚུགས་ཟེར་ཨིན་པས།
འབྲེལ་ཡོད་འགོ་དཔོན་ཚུ་གིས་ ཐོན་སྐྱེད་ཀྱི་སོན་ཚུ་ མི་སེར་སོ་ནམ་པ་ཚུ་ལུ་ བགོ་བཀྲམ་འབད་ནི་དང་ མཁས་མཆོག་ཚུ་གིས་ ལཱ་འབད་ཐངས་ཀྱི་སྦྱོང་བརྡར་བྱིན་ནི་ དེ་ལས་ གཞི་རྟེན་མཐུན་རྐྱེན་ཚུ་གི་ རྒྱབ་སྐྱོར་འབད་ནི་ཨིནམ་བཞིན་དུ་ ཐོན་སྐྱེད་ཚུ་ ནང་གན་བཟོ་མི་དང་འཁྲིལ་ཏེ་ འབད་ཚུགས་ཟེར་ སླབ་ཨིན་པས།
གོ་བསྡུར་ཞལ་འཛོམས་ནང་ ཕྱི་རྒྱལ་ལས་ མཁས་མཆོག་ཚུ་གིས་ ཨ་ཕི་རི་ཀ་སི་ནི་གཱལ་ལུ་ བླམ་བན་ད་ ཚོང་འབྲེལ་འབད་ཐངས་ཀྱི་ ལུགས་སྲོལ་ཚུ་ གློག་རིག་ཐོག་ལས་ གསལ་སྟོན་འབད་ཡོདཔ་ད་ འབྲུག་རྒྱལ་ཁབ་ནང་གི་ མི་སེར་དང་ དང་འདོད་ཅན་གྱི་འགོ་དཔོན་ཚུ་གི་བར་ན་ སོ་ནམ་ཚོང་འབྲེལ་འཐབ་པ་ཅིན་ རྒྱལ་ཁབ་ཀྱི་དམིགས་གཏད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དམིགས་ཡུལ་ དབུལ་ཕོངས་ཀྱི་དཀའ་ངལ་བསལ་ནི་ལུ་ ཕན་ཐབས་ཡོད་ལུགས་ཚུ་ སློབ་སྟོན་འབད་ཡོདཔ་ཨིན་པས།
ལས་རིམ་ནང་ བཅའ་མར་གཏོགས་མི་ལ་ལུ་ཅིག་གིས་ འབད་བ་ཅིན་ འབྲུག་རྒྱལ་ཁབ་ནང་ ལས་རིམ་དེ་གི་ཐོག་ལུ་ འབད་དགོ་མནོ་རུང་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་ལངམ་སྦེ་ འཐོབ་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་ རེ་འདོད་འགྲུབ་མི་ཚུགས་པས་ཟེར་ཨིན་པས།
དངུལ་ཁང་གི་འགོ་དཔོན་ཚུ་གིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་དཀའ་ངལ་ལུ་བརྟེན་ ལཱ་དང་ལས་རིམ་ལེ་ཤ་ཅིག་ར་ བཤོལ་བཞག་ཡོད་རུང་ མི་སེར་སོ་ནམ་པ་ཚུ་གི་དོན་ལུ་ རྫོང་ཁག་སོ་སོའི་ནང་ སྐྱིན་འགྲུལ་ཚུ་ སྒོ་ཕྱེ་སྟེ་ར་ ཡོད་ཟེར་ཨིན་པས།
ཕྱི་རྒྱལ་གྱི་མཁས་མཆོག་ཚུ་གིས་འབད་བ་ཅིན་ གཡུས་སྒོའི་དཀའ་ངལ་དང་ ལས་རིམ་ནང་ བཅའ་མར་གཏོགས་འདོད་ཡོད་མིའི་འགོ་དཔོན་ཚུ་ལུ་ གཞུང་དང་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་གྱི་རྒྱབ་སྐྱོར་བྱིན་དགོཔ་དེ་ ཁག་ཆེ་བས་ཟེར་ སླབ་ཨིན་པས།
མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་སླབ་མིའི་ནང་ ད་ཚུན་ ལྷན་ཁག་གིས་ ཤར་ཕྱོགས་རྫོང་ཁག་༥  ནང་ མི་སེར་སོ་ནམ་པ་༢༠༠ ལྷགཔ་ཅིག་ལུ་ ཧེ་ཟཱལ་རྡོག་མ་ཤིང་འཛུགས་སྐྱོང་འབད་དེ་ ལོ་༢ ལྷགཔ་ཅིག་སོང་ཡོདཔ་བཞིན་དུ་ ལྷོ་ཕྱོགས་རྫོང་ཁག་བསམ་རྩེ་ལུ་ ཇ་འཐུང་ནིའི་ཀོ་ཕི་ཤིང་ རྩི་རང་རྫོང་ཁག་ནང་ ཉིམ་གང་ཤར་མེ་ཏོག་གི་ཤིང་ འཛུགས་སྐྱོང་དང་ སྔོ་ཤིང་གི་རིན་ཊི་འཛུགས་སྐྱོང་གི་ལཱ་ཚུ་ འབད་བའི་བསྒང་ ཡོད་ཟེར་ཨིན་པས།
ད་ཚུན་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ནང་ ལཱ་འབད་མི་ཚུ་ལུ་ དབང་འདུས་ཕོ་བྲང་དང་ རྩི་རང་ དེ་ལས་ སྤུ་ན་ཁ་ལས་ ཚོད་བསྲེ་ཚུ་ བཀྲམ་སྤེལ་འབད་ཡོདཔ་ལས་ མི་སེར་ཚུ་གིས་ འོང་འབབ་བཟོ་ནིའི་ནང་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ཨིནམ་ད་ གཞན་ཚུ་ ད་ལྟོ་ རྡོག་མ་བཏགས་མ་ཚུགསཔ་ལས་བརྟེན་ འོང་འབབ་ག་དེམ་ཅིག་བཟོ་ཚུགས་ག་ སླབ་མ་ཚུགས་རུང་ རྡོག་མ་བཏགས་པའི་བསྒང་ལས་  འོང་འབབ་ ལེགས་ཤོམ་བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ད་རིས་འཚོགས་མི་ ལས་རིམ་དེ་གིས་ ད་ལས་ཕར་ འབྲེལ་ཡོད་འགོ་དཔོན་དང་ མི་སེར་སོ་ནམ་པ་ཚུ་ལུ་ གོ་བརྡ་སྤྲོད་ཚུགསཔ་ལས་ མི་སེར་གྱི་ རེ་འདོད་འགྲུབ་ཐབས་དང་ དབུལ་ཕོངས་ཀྱི་དཀའ་ངལ་བསལ་ཚུགས་པའི་ཁར་ ལཱ་གཡོག་གི་གོ་སྐབས་ཡང་ འཐོབ་ནི་ནང་ ལྷན་ཐབས་ཡོད་ཟེར་ མདོ་ཆེན་རྡོ་རྗེ་དགྲ་འདུལ་གྱིས་ སླབ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment