གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱགས་སྙིགས་ཚུ་ ག་ལྷོད་བཀོག་བཞག་ནི་དེ་ ལམ་སྲོལ་བཟུམ་ཅིག་ལུ་གྱུར་ཡོདཔ།

༡/༡༢/༢༠༡༢    ས་གནས་ཀྱི་མི་སེར་ཚུ་གིས་ ཕྱགས་སྙིགས་རག་རོག་ཚུ་ ག་ལྷོད་བཀོག་བཞགཔ་ཨིན་རུང་ བསྡུ་བསྒྱོམ་འབད་ནི་ལུ་ མཉམ་འབྲེལ་མེདཔ་ཨིན་པས།

༉ དབང་འདུས་ཕོ་བྲང་རྫོང་ཁག་ སྒང་སྟེང་གསང་སྔགས་ཆོས་གླིང་དགོན་པ་དེ་ སྒང་སྟེང་དང་ ཕོབ་སྦྱིས་ཁ་རྒེད་འོག་གི་དོན་ལུ་ ཆོས་དང་འབྲེལ་བའི་ལས་རིམ་ཚུ་ འགོ་འདྲེན་འཐབ་སའི་ ས་གནས་ལྟེ་བ་ཅིག་ཨིནམ་མ་ཚད་ གཞུང་འབྲེལ་དང་ ལམ་སྲོལ་གྱི་ལས་སྣ་ཚུ་ཡང་ འགོ་འདྲེན་འཐབ་སའི་ ས་གནས་ཅིག་ཨིནམ་ལས་ ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ དགོན་པའི་རྡོ་གཅལ་ནང་ མི་བརྒྱ་ཕྲག་ལས་བཅད་དེ་ འཛོམས་མི་ཚུ་གིས་ ཕྱགས་སྙིགས་ཚུ་ ག་ལྷོད་ས་བཀོག་བཞག་མི་དེ་ ལམ་སྲོལ་བཟུམ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།


དེ་བཟུམ་མའི་ མཐོང་གསལ་བྱུངམ་ད་ རྒུད་ཤོས་ར་ དགོན་པའི་དགེ་སློང་ཚུ་ཨིནམ་ད་ དེ་ཡང་ ལས་རིམ་འགོ་འདྲེན་འཐབ་ཚརཝ་ཅིག་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ གཞན་མེདཔ་ལས་ དགེ་སློང་ཚུ་གིས་ འབད་དགོཔ་ཐོན་དོ་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ དགོན་པའི་རྡོ་གཅལ་ནང་ ལོ་བསྟར་ཁྲུང་ཁྲུང་སྐེ་ནག་གི་ དུས་སྟོན་དང་ པད་གླིང་ཆོས་ཀྱི་དགའ་ཚལ་ཟེར་བའི་ གཞི་ཚོགས་ གཞི་བཙུགས་འབད་བའི་སྐབས་ལུ་ ལྟནམོ་ལྟ་མི་ སྟོང་ཕྲག་ལས་བཅད་དེ་ འཛོམས་མི་ཚུ་གིས་ ལོག་རང་སོའི་ཁྱིམ་ནང་ འགྱོ་བའི་སྐབས་ ཁོང་གིས་བཀོག་མི་ ཕྱགས་སྙིགས་རག་རོག་ཚུ་ བསྡུ་བསྒྱོམ་འབད་དེ་འཕྱགས་བདར་རྐྱབ་མི་མེདཔ་ཨིན་པས།
ལ་ལུ་ཅིག་གིས་ རྡོ་གཅལ་ནང་སྡོད་པའི་སྐབས་ ཨེན་ཏ་ཚུ་ གདན་སྦེ་ལག་ལེན་འཐབ་མི་ཚུ་ཡང་ ལས་རིམ་མཇུག་བསྡུ་བའི་སྐབས་ ལོག་ཧེ་མ་བཞག་སར་མ་བསྐྱལ་བར་ རྡོ་གཅལ་ནང་ར་ བཀོག་བཞག་སར་མཐོང་དོ་ཡོདཔ་ད་ ཕྱགས་སྙིགས་རག་རོག་ཚུ་ནང་ མང་ཤོས་ར་ ཆུ་ཤོག་དང་ ཤིང་འབྲས་ཀྱི་པགས་ཀོ་ ཤོག་ཀུ་ དེ་ལས་ ལྟོ་ལྷག་གི་རིགས་ཚུ་ ཡོདཔ་ཨིན་པས།
ལས་རིམ་དེ་ མཇུག་བསྡུཝ་ཅིག་ དགེ་སློང་ཨ་ལུ་ཚུ་ སློབ་དཔོན་ཚུ་གིས་བཀུག་སྟེ་ ཕྱགས་སྙིགས་ཚུ་ བསྡུ་ལེན་འབད་བཅུག་དོ་ཡོདཔ་ད་ སློབ་དཔོན་ཅིག་གིས་ སླབ་མིའི་ནང་ ཕྱགས་སྙིགས་བསྡུ་ལེན་འབད་ནིའི་དོན་ལུ་ ཉུང་ཤོས་དགེ་སློང་ཨ་ལུ་༡༠ དང་༡༥ གི་བར་ན་ དགོ་པས་ཟེར་ཨིན་པས།
དེ་མིན་པ་ཅིན་ རྡོ་གཅལ་གྱི་ས་ཁོངས་དེ་ རྒྱ་ཆེ་དྲགས་སྦེ་ཡོད་ནི་དེ་གིས་ ཉིནམ་ལས་བཅད་དེ་ འགོརཝ་མས་ཟེར་ཨིནམ་ད་ ག་ལྷོད་བཀོག་བཞག་མི་ ཕྱགས་སྙིགས་རག་རོག་ཚུ་ དེ་འཕྲོ་ལས་ བསྡུ་བསྒྱོམ་མ་འབད་བ་ཅིན་ རོ་ཁྱི་ཚུ་གིས་ ཧེང་བཀལ་ར་ ཁམས་ལོག་སི་སི་ བཟོཝ་མས་ཟེར་ཨིན་པས།
དགེ་སློང་ཨ་ལུ་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ས་གནས་སྒང་སྟེང་དགོན་པ་བཟུམ་ཅིག་ལུ་ གནམ་དགུན་གྱི་དུས་ཚོད་ཁར་ གནམ་གཤིས་བསིལ་དྲགས་ནང་ ཕྱགས་སྙིགས་རག་རོག་ཚུ་ བསྡུ་བསྒྱོམ་འབད་ནི་དེ་ དཀའ་སྡུག་ཅན་ཅིག་ཨིནམ་ལས་ ཆ་རོགས་འབད་མི་རེ་ འཐོན་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
རྒྱལ་གཞུང་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ཡང་ དགོན་པ་དེ་ནང་ འཕྲལ་འཕྲལ་ར་ ཕྱགས་སྙིགས་བསྡུ་བསྒྱོམ་ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོད་རུང་ ལས་རིམ་དེ་ མཇུག་བསྡུ་བའི་སྐབས་ ཉེ་འདབས་ཀྱི་སློབ་གྲྭ་ཚུ་ལས་ རྒྱབ་སྐྱོར་ལེན་ཐོག་ལས་ ཕྱགས་སྙིགས་བསྡུ་ལེན་གྱི་ལས་རིམ་ འགོ་འདྲེན་འཐབ་ནི་ཡོད་ཟེར་ ཚོགས་སྡེའི་འགོ་དཔོན་ འཇིགས་མེད་ཚེ་རིང་གིས་ སླབ་ཡོདཔ་ད་ དེ་མིན་ ཁོང་གི་ཡིག་ཚང་ནང་ ལས་བྱེདཔ་ཉུང་སུ་ཅིག་ལས་བརྒལ་མེད་ནི་དེ་གིས་ ལཱ་འབད་མི་ཚུགས་པས་ཟེར་ཨིན་པས།
སྒང་སྟེང་དགོན་པ་ལུ་ ལཱ་འབད་མི་ ཞི་གཡོགཔ་ཚུ་གིས་འབད་བ་ཅིན་ ས་གནས་ཀྱི་མི་སེར་ཚུ་གིས་ ཕྱགས་སྙིགས་ལུ་བརྟེན་པའི་ མཐའ་འཁོར་གནས་སྟངས་དང་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནད་སྐྱོན་ཡོད་པའི་སྐོར་ལས་ མི་ཤེས་པས་ཟེར་ སླབ་ཨིན་པས།
གལ་སྲིད་ ས་གནས་ཀྱི་མི་ཚུ་གིས་ ཕྱགས་སྙིགས་དང་འབྲེལ་བའི་ གནོད་ཉེན་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་བ་ཅིན་ ཕྱགས་སྙིགས་རག་རོག་ཚུ་ ག་ལྷོད་མ་བཀོག་བར་ དགོན་པའི་མཐའ་འཁོར་ཚུ་ གཙང་སྦྲ་དང་ལྡནམ་སྦེ་ བཞག་ཚུགས་ནི་ཨིན་པས།
ནམ་ར་འབད་རུང་ སྒང་སྟེང་དགོན་པའི་ས་ཁོངས་ནང་ ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ མཐའན་མཇུག་ཁར་ ཕྱགས་སྙིགས་རག་རོག་ཚུ་ བསྡུ་ལེན་འབད་ནིའི་ འགན་ཁུར་དེ་ དགོན་པའི་དགེ་སློང་ཚུ་ལུ་ ཕོག་དོ་ཡོདཔ་ཨིན་པའི་གནས་ཚུལ།



 
སྒང་སྟེང་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment