གནམ་བྱཱར་གྱི་དུས་ཚོད་ལུ་ ཁོ་ལོང་ཆུ་བྲེས་པའི་ཤུལ། |
གྲོས་འཆར་དང་འཁྲིལ་ཏེ་ ཇའེ་ཀ་འཕྲུལ་རིག་མཁས་མཆོག་སྡེ་ཚན་གྱི་ རྒྱབ་སྐྱོར་ཐོག་ལས་ ལས་འགུལ་གྱི་འོས་འབབ་ཚུ་བལྟ་ཞིནམ་ལས་ ཆུ་བྱག་ཉེན་སྲུང་ལས་འགུལ་ ཐེངས་༢ པའི་འཆར་གཞི་གི་དོན་ལུ་ མ་དངུལ་གྱི་གྲོས་འཆར་ཡང་ བཙུགས་ནི་ཨིན་པས།
སྤྱི་ལོ་༡༩༩༤ ལུ་ ཁོ་ལོང་ཆུའི་ཆུ་རུད་ཀྱིས་ འབུམ་སྡེ་གླིང་གཡུས་ཚན་གྱི་ འབྱ་ཞིང་ཚུ་ལུ་གནོད་རྐྱེན་སྦོམ་སྦེ་ར་རྐྱབ་པའི་ཤུལ་ལུ་ སྤྱི་ལོ་༢༠༠༨ ལས་ ཆུ་ཞིང་བསྐྱར་གསོ་དང་ གཙང་ཆུའི་མཐའམ་བདའ་སྟེ་ ཆུ་བྱག་རྐྱབ་ནིའི་ལཱ་ཚུ་འབད་ཡོད་རུང་ ད་ལྟོའི་བར་ན་ཡང་ གནམ་བྱཱ་གཙང་ཆུ་བྲེས་མི་གིས་ ཆུ་རུད་ཐོན་མི་ལུ་བརྟེན་ ལོ་བསྟར་བཞིན་དུ་ གནོད་སྐྱོན་རྐྱབ་བཞིན་དུ་ར་ཡོདཔ་ཨིན་པས།
འབུམ་སྡེ་གླིང་རི་དྭགས་སྲུང་སྐྱོབ་སྡེ་ཚན་གྱི་ ནགས་ཚལ་གཙོ་འཛིན་འགོ་དཔོན་ སྤང་སྐྱིད་འབྲུག་པ་གིས་འབད་བ་ཅིན་ ས་གནས་ཀྱི་མི་ཚུ་དང་འཁྲིལཝ་ད་ ད་ཚུན་གྱི་བར་ན་ ཆུ་ཞིང་ཨེ་ཀར་༡༥༠ ལས་༢༠༠ འི་བར་ན་ ཆུ་རུད་ཀྱིས་ འཕྱགས་བདའ་ཡོདཔ་མ་ཚད་ ས་ཆ་ལ་ལུ་ཅིག་ བྱེམ་དང་ རག་རོག་གི་འོག་ལུ་ ཨེབ་སྟེ་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་དང་འཁྲིལཝ་ད་ ས་ཆ་ཉེན་སྲུང་གི་དོན་ལུ་ ཇའེ་ཀ་མ་དངུལ་གྲོགས་རམ་གྱི་ཐོག་ལུ་ དངུལ་ཀྲམ་ས་ཡ་༢༠ འབད་མི་ ཆུ་བྱག་རིང་ཚད་མི་ཊར་༤༠༠ རྐྱབ་ནིའི་ལས་འགུལ་དེ་ མཇུག་བསྡུ་ཡི་ཟེར་ཨིན་པས།
འབུམ་སྡེ་གླིང་ལུ་ ཁོ་ལོང་ཆུ་ལུ་བརྟེན་ ཆུ་རུད་སྦོམ་ཐོན་པའི་སྐབས་ ས་ཁོངས་ནང་ཡོད་པའི་ ཁྲུང་ཁྲུང་སྐེ་ནག་འཁྱམས་ས་དང་ གཟནམ་འཚོལ་བཟའ་སའི་ཆུ་ཞིང་ཚུ་ བྱེམ་གྱིས་ཨེབ་མི་གིས་མ་ཚད་ ཆུ་རུད་ཀྱིས་ འཕྱགས་བདའ་མི་ལུ་བརྟེན་ ཁྲུང་ཁྲུང་སྐེ་ནག་གི་གྱངས་ཁ་ཡང་ མར་བབས་འགྱོ་ཡོདཔ་ཨིན་པས།
སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ རི་དྭགས་ཉམས་སྲུང་སྡེ་ཚན་གྱི་ གཙོ་འཛིན་འགོ་དཔོན་ བསོད་ནམས་དབང་ཕྱུག་གིས་སླབ་མིའི་ནང་ ཆུ་ཞིང་དེ་ གནམ་དགུན་ཁྲུང་ཁྲུང་སྐེ་ནག་ཚུ་འཁྱམས་ས་དང་ ཞག་ཉལ་སའི་ས་ཁོངས་ཅིག་འབདཝ་ལས་ གནམ་དགུན་འབྲུག་ལུ་འོང་མིའི་ ཁྲུང་ཁྲུང་གི་གྱངས་ཁ་ ལོ་བསྟར་བཞིན་དུ་ མར་བབས་སོང་མི་ཡང་ ཆུ་རུད་ཀྱི་གནོད་སྐྱོན་ལུ་བརྟེན་ འཁྱམས་སའི་ས་ཁོངས་ཆུང་ཀུ་ འགྱོ་ནི་དེ་གིས་ ཨིནམ་འོང་ཟེར་ ཨིན་པའི་གནས་ཚུལ།
ནོར་འཛིན་ལྷ་མོ།
No comments:
Post a Comment