གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རུང་ རྩོད་དོན་སྤྲོ་སྣང་ཅན་ཅིག་ལུ་ འགྱུར་ནི་གི་འོས་འབབ།

༨/༡༢/༢༠༡༢   ཁྲོམ་སྡེ་ལས་འཛིན་གྱིས་ གཞུང་དབང་ས་ཆ་ ཉེན་སྐྱོབ་ཀྱི་དོན་ལུ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ནི།
 ༉ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གྱིས་ གླ་འཁོར་བཞག་སའི་ ས་ཁོངས་དེ་ བཀྲིས་ཚོང་འབྲེལ་སྡེ་ཚན་ལུ་ ཐོབ་དབང་ཡོདཔ་སྦེ་ འཁྲུན་ཆོད་གནང་མིའི་ རྒྱབ་འགལ་ལུ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ ཤུལ་མའི་བདུན་ཕྲག་ནང་ མཐོ་གཏུགས་འབད་ནི་སྦེ་ ཐག་བཅད་ཡོདཔ་བཞིན་དུ་རྩོད་དོན་དེ་ ལྷག་པར་དུ་ སྤྲོ་སྣང་ཅན་ཅིག་ལུ་ འགྱུར་ནི་བཟུམ་ མཐོངམ་ཨིན་པས།


དེ་ཡང་ རྩོད་དོན་དེ་ སྤྱི་ཟླ་༡༢ པའི་ཚེས་༦ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་༤ གི་བར་ད་ འཁོན་འཆམ་མ་ཚུགས་པར་ དྲང་དཔོན་གཉིས་རེ་སྦེ་ ཁག་དབྱེ་སོང་སྟེ་ འཁྲུན་ཆོད་ཐ་དད་བཏོན་པའི་ཁར་ འདི་བཟུམ་མའི་ འགྲིགས་མིན་བྱུངམ་ད་ ཁྲིམས་སྤྱི་ལས་ཚབ་ སངས་རྒྱས་མཁའ་འགྲོ་གིས་ ཚོགས་རྒྱན་བསྐྱུར་ཐོག་ལས་ མང་མོས་ཀྱི་ གྲོས་ཆོད་ལུ་ ཆ་འཇོག་གྲུབ་མི་ལུ་བརྟེན་ སྔར་མེད་མའི་ ལམ་ལུགས་གསར་གཏོད་འབད་ཡི།
གལ་སྲིད་ རྩོད་དོན་དེ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ ལྷོད་སོང་པ་ཅིན་ ལྷག་པར་དུ་ སྤྲོ་སྣང་ཆེ་ཏོག་ཏོ་འོང་ནི་ཨིནམ་ད་ ག་འཆརཔ་ཟེར་བ་ཅིན་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་མང་ཤོས་ར་ རྩོད་དོན་འདི་ནང་ ཐད་ཀར་དང་ ཐད་ཀར་མིན་པའི་ཐོག་ལས་ འབྲེལ་གཏོགས་འབད་ཡོད་ནི་དེ་གིས་ཨིན་ཟེར་ ལྟ་རྟོག་པ་ཚུ་གིས་ སླབ་ཨིན་པས།
དེ་ཡང་ དཔེ་འབད་བ་ཅིན་ ཁྲོམ་སྡེ་ལས་འཛིན་དང་ བཀྲིས་ཚོང་འབྲེལ་སྡེ་ཚན་གྱི་ རྩོད་གཞི་དེ་ རྫོང་ཁག་ལས་ ཆེ་མཐོ་ཁྲིམས་འདུན་ལུ་ལྷོད་དེ་ ཁྲིམས་ཁྲི་༣ པ་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསྒྱུར་བཅོས་མེད་པར་ གཞི་འཛིན་འབད་མི་ལུ་བརྟེན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཡོངས་ཁྲིའི་ནང་ མཐོ་གཏུགས་འབད་བའི་སྐབས་ལུ་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚེ་རིང་དབང་ཕྱུག་དེ་ དེ་བསྒང་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ ཕྱག་ཞུ་སྟེ་ཡོདཔ་ཨིན་པ།
དྲང་དཔོན་ཚེ་རིང་དབང་ཕྱུག་གིས་གཙོས་པའི་ ཡོངས་ཁྲིའི་དྲང་དཔོན་༣ གྱིས་ སྤྱི་ལོ་༢༠༠༨ ཟླཝ་༥ པའི་ཚེས་༦ ལུ་ ཆེ་མཐོའི་ཁྲིམས་ཁྲི་༣ པ་ལས་གནང་མི་ འཁྲུན་ཆོད་དེ་ བསྟར་སྤྱོད་འབད་དགོ་པའི་ བཀའ་རྒྱ་གནང་སྟེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མཐོ་གཏུགས་འབད་མི་དེ་ ཕྱིར་འབུད་བཏང་ནུག།
དེ་འབདཝ་ད་ ད་ལྟོའི་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་རིག་འཛིན་དཔལ་འབྱོར་ དེ་བསྒང་ རྩོད་དཔོན་ཡོངས་ཁྱབ་སྦེ་སྡོདཔ་ད་ ཡོངས་ཁྲིའི་འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ མཐོ་གཏུགས་ཞུ་ཡོདཔ་ཨིན་པས།
འདི་འབདཝ་ལས་ དྲང་དཔོན་ཚེ་རིང་དབང་ཕྱུག་དང་ དྲང་དཔོན་རིག་འཛིན་དཔལ་འབྱོར་དེ་ གླ་འཁོར་བཞག་སའི་ ས་ཆ་བདག་དབང་གི་ རྩོད་བཤེར་ནང་ ཐད་ཀར་དུ་ འབྲེལ་གཏོགས་ཡོདཔ་ཨིན་པས།
དེ་མ་ཚད་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་བཀྲིས་ཆོས་འཛོམས་དེ་ཡང་ རྩོད་དོན་དེ་ནང་ ཐད་ཀར་མིན་པའི་ འབྲེལ་གནད་ཡོད་མི་དེ་ཡང་ མོ་གི་རྨགཔ་ པདྨ་དབང་ཕྱུག་དེ་ ཐིམ་ཕུ་རྫོང་ཁག་ཁྲིམས་ཁྲི་༤ པའི་ དྲང་དཔོན་སྦེ་སྡོདཔ་ད་ སྤྱི་ལོ་༢༠༠༧ ཟླཝ་༡༠ པའི་ཚེས་༣༠ ལུ་ གླ་འཁོར་བཞག་ས་དེ་ བཀྲིས་ཚོང་འབྲེལ་ལུ་ བདག་དབང་ཡོད་པའི་ འཁྲུན་ཆོད་བཏོན་ནི་དེ་གིས་ ཨིན་པས།
རྩོད་དོན་ནང་ འབྲེལ་གཏོགས་མེད་མི་དེ་ར་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་དང་ དྲང་དཔོན་དྲགོས་རིག་འཛིན་རྒྱལ་མཚན་གཉིས་ཨིནམ་ལས་ ཁེ་ཕན་ལྟག་སྤྲོད་དང་ ཡང་ཅིན་ གྲོས་ཆོད་ལུ་ གནོད་ནི་བཟུམ་ཡོད་པ་ཅིན་ དྲང་དཔོན་གཞན་ཚུ་ སྙན་གསན་མཛད་ནི་ལས་ འཛེམ་ཐབས་འབད་དགོ་ཟེར་ ཁྲིམས་དོན་མཁས་པ་ཚུ་གིས་ སླབ་ཨིན་པས།
ག་དེམ་ཅིག་སྦེ་ སྙན་གསན་ནང་ འབྲེལ་གཏོགས་འབད་བ་ཅིན་ རང་སོའི་རྣམ་རིག་ལུ་ གཙོ་རིམ་བཟུང་དགོཔ་དེ་ གལ་ཆེ་ཟེར་ ཁྲིམས་ཀྱི་མཁས་མཆོག་ཚུ་གིས་ སླབ་ཨིན་པས།
རྩོད་དོན་དེ་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་ དབྱེ་བ་ག་ནི་ཡང་མེད་མི་དེ་ཡང་ བཀྲིས་ཚོང་འབྲེལ་སྡེ་ཚན་གྱི་ རང་དབང་ལག་ཁྲམ་གཉིས་ཡོད་མིའི་ནང་ ས་ཚན་ཁག་གཉིས་ཀྱི་ ས་རྒྱ་ཌིསི་༨༩.༤༩༨ མ་གཏོགས་མེདཔ་ཨིན་རུང་ སྤྱི་ལོ་༡༩༨༤ ལུ་ ཁྲོམ་སྡེ་ཚོགས་ཆུང་གིས་ སའི་བཅའ་ཁྲིམས་༡༩༧༩ ཅན་མ་དང་མ་འཁྲིལ་བར་ ཚུལ་མིན་གྱི་སྒོ་ལས་ ས་ཐེབས་སྤྲོད་དེ་ ས་ཆ་ཨེ་ཀར་༡ དང་ཌིསི་༢༣ ལུ་ ཡར་སེང་རྐྱབ་ཡོདཔ་མ་ཚད་ སྤྱི་ལོ་༡༩༩༢ ལུ་ ཁྲོམ་སྡེའི་ཚོགས་ཆུང་གི་ཁྲི་འཛིན་ ལྷ་ཕྲུག་དབང་ཕྱུག་གིས་ ཚུལ་མིན་ཐོག་ ས་ཁྲམ་བཀོད་མི་ལུ་ ལག་ཁྲམ་སྤྲོད་ཡོདཔ་ཨིན་པས།
དེ་འབདཝ་ལས་ ཁྱུ་འབུད་འཁྲུན་ཚོད་ནང་ ཁྲོམ་སྡེའི་ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ ཉེས་འཛུགས་ཐོག་ ཉེས་བཤེར་མ་འབད་བས་ཟེར་བཀོད་ནུག།
ཁྲོམ་སྡེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཆེ་མཐོ་ཁྲིམས་འདུན་ལས་ འཁྲུན་ཆོད་ཐ་དད་བཏོན་མི་དེ་གིས་ གླ་འཁོར་བཞག་ས་དེ་ གཞུང་གི་ས་ཆ་ངེས་བདེན་ཨིན་པའི་ ཡིད་ཆེས་འདྲོངས་ཡོདཔ་ལས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནི་ཟེར་ཨིན་པའི་གནས་ཚུལ།


རིག་འཛིན་དབང་ཕྱུག།

No comments:

Post a Comment