གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་ལོར་རྫུས་མ་ཐོན་མི་དེ་ རྒྱལ་སྤྱིའི་དཔལ་འབྱོར་གྱི་ དཀའ་ངལ་ཅིག་ཨིནམ།

༨/༡༢/༢༠༡༢   ༉ རྒྱལ་ཁབ་ནང་ ཧེ་མ་འབད་བ་ཅིན་ རིམ་གྲོ་ཚུ་འབད་བའི་སྐབས་ གཏོརམ་ཚུ་བཟའ་བར་ འབྲུག་པའི་ཨོ་ལ་ཚུ་ འོང་ནི་ཡོདཔ་ཨིན་རུང་ ད་རེས་ནངས་པ་ དུས་ཀྱི་འགྱུར་བ་དང་བསྟུན་ གཏོརམ་ཚུ་གི་ན་བཟའ་ རང་བཞིན་གྱི་ སྨུག་རྩི་ལག་ལེན་མ་འཐབ་པར་ ཕྱི་རྒྱལ་ལས་ཐོན་མི་ ཚོན་རིགས་ཚུ་ ལག་ལེན་འཐབ་མི་ལུ་བརྟེན་ གཏོརམ་བཟའ་བར་ རྒྱ་གར་གྱི་ ཨོ་ལ་ཆུང་ཀུ་ཚུ་མ་གཏོགས་ འབྲུག་པའི་ཨོ་ལ་ཚུ་ འོང་ནི་མིན་འདུག་ཟེར་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་ཁྱབ་ ཟླཝ་བསྟན་འཛིན་གྱིས་ སླབ་ཨིན་པས།


དེ་བཟུམ་སྦེ་ དངུལ་ལོར་རྫུས་མ་ཚུ་ཡང་ འཕྲལ་འཕྲལ་སྦེ་ར་ ཐོན་ཏེ་ར་སྡོད་པ་ཅིན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ ཐོ་སྦོམ་ཕོག་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
དེ་ཡང་ ཁ་ཙ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ཞལ་འཛོམས་ཁང་ནང་སྦེ་ འབྲེལ་ཡོད་ལས་སྡེ་ཚུ་གི་དོན་ལུ་ དངུལ་ལོར་རྫུས་མ་ཐོན་མིའི་སྐོར་ལས་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་ སླབ་ཡོདཔ་ད་ དེ་དང་འཁྲིལ་ རྒྱལ་ཁབ་ཀྱི་ ཉེན་བཅོལ་ལས་སྡེ་༢ དང་ དངུལ་ཁང་ཚུ་གིས་ དྲན་ཤེས་བཏོན་དགོཔ་ གལ་ཆེ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ རྫུས་བཟོ་འབད་བའི་གནད་དོན་ཚུ་ ཏི་རུ་རྐྱངམ་གཅིག་ལུ་མེན་པར་ ཆུམ་དང་ ཨེ་མ་ཚུ་ལས་འགོ་བཙུགས་ཏེ་ ཅ་ཆས་གཞན་ ག་ཅི་ར་འབད་རུང་ དཀའ་ངལ་སྦོམ་ཅིག་སྦེ་ གནས་ཏེ་ཡོདཔ་ལས་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་དགོཔ་དེ་ ག་ཅི་དེ་ ཁག་ཆེ་དྲགས་ཅིག་ཨིན་ཟེར་ཨིན་པས།
དངུལ་འབྲེལ་གྱི་ཐད་ལུ་ དཀའ་ངལ་དེ་ བཀག་ཐབས་འབད་ནིའི་ ཐབས་ལམ་ངོ་མ་ཅིག་ མི་ཚུ་གིས་ ཚོང་འབྲེལ་ག་ཅི་བཟུམ་ཅིག་ འཐབ་སྟེ་འབད་རུང་ དངུལ་རྐྱང་གི་ཐོག་ལས་མིན་པར་ ཐབས་ལམ་གཞན་གྱི་ཐོག་ལས་ འགོ་འདྲེན་འཐབ་དགོཔ་སྦེ་ སླབ་མི་དེ་ཡང་ དཔལ་འབྱོར་ལམ་ལུགས་ནང་ དངུལ་ལོར་རྫུས་མ་ཚུ་ འཛུལ་བའི་སྐབས་ དངུལ་ཁང་ཚུ་ནང་ལྷོད་པ་ཅིན་ བདའ་ཟུན་ནི་ཨིན་རུང་ གལ་སྲིད་ དངུལ་ཁང་ནང་མ་ལྷོད་པ་ཅིན་ མི་ལས་མི་བརྒྱུད་དེ་ ཁྲོམ་སྡེ་ཚུ་ནང་ འཁོར་སྡོདཔ་ཨིན་ཟེར་ སླབ་ཨིན་པས།
གོ་བརྡའི་ལས་རིམ་གྱི་སྐབས་ དངུལ་ལོར་ངོ་མ་དང་ རྫུས་མའི་བར་ན་ ག་དེ་སྦེ་ ངོ་ཕྱེ་དགོཔ་ཨིན་ནའི་སྐོར་ལས་ གློག་བརྙན་ཅིག་ཡང་ བཏོན་ཡོདཔ་ད་ དངུལ་ཁང་ལྟེ་བའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དངུལ་ཁང་ཚུ་ནང་ དངུལ་ལོར་ངོ་མ་དང་ རྫུས་མ་ཚུ་ ངོས་འཛིན་འབད་ནིའི་ འཕྲུལ་ཆས་ཚུ་ཡང་ བགོ་བཀྲམ་འབད་དེ་ཡོད་ཟེར་ཨིན་པས།
གློག་བརྙན་དེ་ནང་ གསལ་བཤད་འབད་མི་དེ་གིས་ སླབ་མི་དང་འཁྲིལཝ་ད་ དངུལ་ལོར་རྫུས་མ་ཐོན་པའི་ དཀའ་ངལ་དེ་ འབྲུག་ལུ་རྐྱངམ་གཅིག་མིན་པར་ འཛམ་གླིང་གི་དཔལ་འབྱོར་ ག་རའི་ནང་ཡོདཔ་ད་ དཀའ་ངལ་དེ་ ཐོནམ་ཐོན་སར་ སྡོད་འོང་ཟེར་ཨིན་པས།
ཟླཝ་བསྟན་འཛིན་གྱིས་ སླབ་མིའི་ནང་ མ་གཞི་འབྲུག་ལུ་ འདས་པའི་ལོ་ཚུ་ནང་ དངུལ་ལོར་རྫུས་མ་ཐོན་པའི་དཀའ་ངལ་ལེ་ཤ་ཅིག་ར་ བྱུང་ཡོདཔ་ཨིན་རུང་ ད་རེས་ཀྱི་གནས་སྟངས་ནང་ རྒྱ་ཆེ་དྲགས་སྦེ་ར་ མར་བབས་སོང་ཡོད་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་ དངུལ་ལོར་༥༠ དང་༡༠༠ འབད་མི་ རྫུས་མ་དག་པ་རེ་ ཐོན་ཡོདཔ་ཨིན་རུང་ ན་ཧིང་ རྩི་རང་ལུ་ སྟོང་ལོར་རྫུས་མ་༨༩ ཐོན་ཡོདཔ་སྦེ་ སླབ་ཨིན་པས།
དེ་དང་གཅིག་ཁར་ ཏི་རུ་ཚུ་ པར་བཏབ་པའི་སྐབས་ ཟད་འགྲོ་མཐོ་དྲགས་སྦེ་ གནས་དོ་ཡོདཔ་ཨིན་རུང་ དངུལ་ལོར་རེ་གི་ཚེ་ཚད་དེ་ ལོ་༥ ལས་བརྒལ་མེད་ནི་དེ་གིས་ ལེགས་ཤོམ་སྦེ་ ལག་ལེན་འཐབ་དགོཔ་ཨིན་ཟེར་ སྤྱི་ཁྱབ་ཀྱིས་ སླབ་ཨིན་པས།
ལས་རིམ་དེ་ནང་ བཅའ་མར་གཏོགས་མི་ དགེ་སློང་ཚེ་བརྟན་རྡོ་རྗེ་གིས་འབད་བ་ཅིན་ ད་ལྟོ་ཚུན་ ཁོ་གིས་ དངུལ་ལོར་ངོ་མ་ཚུ་གི་ ཁྱད་ཆོས་ཚུ་ ག་བཟུམ་ར་ ཡོདཔ་ཨིན་ནའི་སྐོར་ལས་ ཧ་མ་གོཝ་ཨིན་རུང་ ད་ལས་ཕར་ དངུལ་ལོར་རྫུས་མ་དང་ ངོ་མ་ཡང་ ངོ་ཕྱེ་ཚུགས་ནི་མས་ཟེར་ སླབ་ཨིན་པས།
གཞུང་གྲྭ་ཚང་གི་ ཡོངས་ཁྱབ་དྲུང་ཆེན་ དགོན་པོ་རྡོ་རྗེ་གིས་འབད་བ་ཅིན་ མ་གཞི་ དངུལ་ལོར་རྫུས་མ་ཚུ་ བཀག་འཛིན་འབད་ནིའི་དོན་ལུ་ དངུལ་འབྲེལ་གྱི་ལཱ་ཚུ་ དངུལ་རྐྱང་ཐོག་ལས་མེན་པར་ ཐབས་ལམ་གཞན་ཚུ་གི་སྒོ་ལས་ འབད་དགོཔ་ཨིན་རུང་ ལམ་ལུགས་དེ་ མི་མང་ཤོས་ཅིག་གིས་ ལག་ལེན་འཐབ་མི་ཚུགས་ནི་ཨིནམ་ལས་ མི་མང་འཛོམས་སའི་ ས་ཁོངས་ཚུ་ནང་ དངུལ་ལོར་བརྟག་དཔྱད་འབད་ནིའི་ འཕྲུལ་ཆས་ཚུ་ གཞི་བཙུགས་འབད་དགོཔ་འདུག་ཟེར་ཨིན་པས།
དེ་ཡང་ མི་ཚུ་གིས་ ཏི་རུའི་ཁྱད་ཆོས་ཚུ་ལུ་ལྟ་སྟེ་ དངུལ་ལོར་རྫུས་མ་ཨིན་ན་མིན་ན་ ཤེས་ཚུགས་ནི་ཨིན་རུང་ ཏི་རུ་རྒྱ་ཆེ་དྲགས་སྦེ་ ལག་ལེན་འཐབ་དགོ་པའི་སྐབས་ ཏི་རུ་རེ་རེ་བཞིན་དུ་འཐུ་སྟེ་ ལྟ་མ་ཚུགས་ནི་དེ་གིས་ ཨིན་ཟེར་བའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment