གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་༢ ལུ་ བཙོན་ཁྲིམས་ལོ་༡ ལས་༣ ཚུན་བཀལ་ཡོདཔ།

༦/༡༢/༢༠༡༢   ༉ ཕོ་སྐྱེས་༢ ཀྱིས་ སེམས་བག་ཡེངས་ཐོག་ལས་ ལཱ་འབད་མི་ལུ་བརྟེན་ དེད་གཡོགཔ་༡ དང་ འགྲུལ་པ་༣ ལུ་ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གྲོགས་རམ་འབད་ནིའི་ཚབ་ལུ་ བྲོས་ཟུར་འབད་ནི་དེ་གིས་ ཆེ་མཐོ་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༡ ལས་༣ ཚུན་ བཀལ་ཡོདཔ་ཨིན་པས།


དེ་ཡང་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༢༦ ལུ་ བཀྲིས་སྒང་རྫོང་ཁག་གི་ས་གནས་ བཀྲིས་གཡང་ཕུག་ཟེར་ས་ལུ་ དབང་དྲག་རིག་འཛིན་དང་ ཡེ་ཤེས་དབང་འདུས་༢ ཤིང་དྲ་ནིའི་དོན་ལུ་ ཤིང་ཚུ་ དུམ་བཏོགས་པའི་སྐབས་ ཤིང་དུམ་ཅིག་ བཟུང་མ་ཚུགས་པར་ རྦོབ་རིལ་ཡར་སོཔ་ལས་ འགྲོ་འགྲུལ་འབད་བའི་བསྒང་ཡོད་མི་ སྣུམ་འཁོར་བོ་ལི་རོ་ཅིག་གུ་ཕོག་སྟེ་ ལམ་འོག་ལས་མར་ རྦོབ་རིལ་འགྱོ་བའི་སྐབས་ དེད་གཡོགཔ་རྩིས་ཏེ་ འགྲུལ་པ་༥ ཡོད་མིའི་གྲས་ལས་༡ སྲོག་སྐྱབས་འབད་ཚུགས་ཡོདཔ་ཨིན་རུང་ དེད་གཡོགཔ་དང་ འགྲུལ་པ་གཞན་༣ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཤིང་དུམ་དང་ ཤིང་བཏོགས་མི་ འཕྲུལ་ཆས་དེ་ མཐོ་གཏུགས་པ་དབང་དྲག་རིག་འཛིན་གྱི་ ཨིནམ་མ་ཚད་ ཤིང་དུམ་བཏོགས་མི་ཡང་ ཁོ་ར་ཨིན་པའི་ ངོས་ལེན་བྱུང་ཡོད་མི་ལུ་བརྟེན་ ཉེས་ཁྲིམས་ཕོག་ཡོདཔ་ཨིན་པས།
ཨིན་རུང་ རྐྱེན་ངན་དེ་ མནོ་ཞིང་བསམ་བཞིན་དུ་ ཆེད་དུ་དམིགས་ཏེ་ ཉེས་ལས་འབད་འབདཝ་མིན་པར་ ཁོ་ར་ རྒུད་པའི་རྐྱེན་ཅིག་ལུ་བརྟེན་ བྱུང་ནི་དེ་གིས་ སེམས་བག་ཡེངས་ཐོག་ལས་ ལཱ་བྱ་འཐབ་ཡོད་པའི་ ཉེས་ཁྲིམས་ལོ་༣ ཕོགཔ་ཨིན་པས།
ཡེ་ཤེས་དབང་འདུས་ཀྱི་ ཉེས་ལས་ནང་ འབྲེལ་བ་འཐབ་ཡོདཔ་མ་ཚད་ སྣུམ་འཁོར་ནང་ ཐུག་རྐྱེན་བྱུང་མི་ཚུ་ལུ་ ཆ་རོགས་མ་འབད་བར་ བྲོས་ཟུར་འབད་མི་ལུ་བརྟེན་ ཉེས་ཁྲིམས་ལོ་༡ དང་ཟླཝ་༦ ཕོགཔ་ཨིན་པས།
དེ་བཟུམ་སྦེ་ གཏམ་བདེན་རྫུན་ཕྱེ་བའི་སྐབས་ལུ་ རྫོང་ཁག་ཁྲིམས་འདུན་ལས་ རྐྱེན་ངན་བྱུང་བའི་སྐབས་ ཡེ་ཤེས་དབང་འདུས་ཀྱིས་ དབང་དྲག་རིག་འཛིན་དང་གཅིག་ཁར་ ཤིང་ལཱ་འབད་བར་ སོང་ཡོད་ནི་དེ་གིས་ ཉམས་རྒུད་པའི་ཕམ་ཚུ་ལུ་ རྒུད་འཐུས་བསྡོམས་དངུལ་ཀྲམ་༥༢༠,༠༠༠ སྤྲོད་དགོ་མི་ལས་ ཁོ་རའི་ཁ་ཐུག་ལས་ རྒུད་འཐུས་བརྒྱ་ཆ་༢༥ རྩིསཝ་ད་ དངུལ་ཀྲམ་༡༣༠,༠༠༠ སྤྲོད་དགོཔ་ཨིནམ་ད་ དབང་དྲག་རིག་འཛིན་གྱིས་ རྒུད་འཐུས་བརྒྱ་ཆ་༧༥ རྩིསཝ་ད་ དངུལ་ཀྲམ་༣༩༠,༠༠༠ སྤྲོད་དགོཔ་སྦེ་ བཀའ་རྒྱ་གནང་མི་དེ་ རང་འཇགས་བཞག་ནུག།
ཆེ་མཐོ་ཁྲིམས་འདུན་གྱིས་ སྤྱི་ཟླ་༡༡ པའི་ཚེས་༣༠ ལུ་ འཁྲུན་ཆོད་བཏོན་མི་དང་འཁྲིལཝ་ད་ མཐོ་གཏུགས་པ་ དབང་དྲག་རིག་འཛིན་ལུ་ བཙོན་ཁྲིམས་ལོ་༣ དང་ ཡེ་ཤས་དབང་འདུས་ལུ་ བཙོན་ཁྲིམས་ལོ་༡ དང་ཟླཝ་༦ བཀལ་ཡོད་མི་དེ་ ཁྲིམས་འཐུས་བཏབ་སྟེ་ འགྱོ་ཆོགཔ་ཨིན་རུང་ གལ་སྲིད་ བཏབ་མ་ཚུགས་པ་ཅིན་ ཡངས་ཆག་མེད་པར་ བཙོན་ཁྲིམས་སྨིན་དགོཔ་ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment