གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སེམས་ཁམས་གནས་པ་མེད་མི་ སངས་རྒྱས་ཕུན་ཚོགས།

༦/༡༢/༢༠༡༢   ༉ ལྷུན་རྩེ་སྐུར་སྟོད་ལས་ཨིན་མི་ སྐྱེས་ལོ་༤༠ ཞེ་གྲངས་ནང་འབད་མི་ སངས་རྒྱས་ཕུན་ཚོགས་དེ་ སེམས་གནས་པ་མེད་མི་ཅིག་ཨིནམ་ལས་ ཁོ་གིས་ ཨ་རྟག་ར་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲོམ་བཤལ་རྐྱབ་སྡོད་དོ་ཡོདཔ་མ་ཚད་ ཕྱི་རུ་ཞག་ཉལ་བར་ དུར་ཁྲོད་ནང་འགྱོ་དོ་ཡོདཔ་ཨིན་པས།
སངས་རྒྱས་ཕུན་ཚོགས།


སངས་རྒྱས་ཕུན་ཚོགས་དེ་ རིན་ཚད་ སེན་ཊི་མི་ཊར་༡༨༠ དེ་ཅིག་ཡོདཔ་ད་ ག་དེམ་ཅིག་སྦེ་ ཁོ་གིས་ མགུ་ཏོ་གི་སྐྱ་ཚུ་ ཧིང་སངས་ས་སྦེ་བཏོག་ གཟུགས་ཁ་གོ་ལ་ལེགས་ཤོམ་གྱོན་སྦེ་སྡོད་པ་ཅིན་ ཁོ་ཡང་ ཡིག་ཚང་ནང་ འགྱོ་མིའི་འགོ་དཔོན་ཅིག་ བཟུམ་སྦེ་ མཐོང་ནི་ཨིན་པས།
ཁོ་གིས་ ཨ་རྟག་ར་ བསམ་གྲུབ་ལྗོངས་མཁར་ཁྲོམ་དང་ རྫོང་ཁག་བདག་སྐྱོང་གི་སྦོ་ལོགས་ཁ་ དེ་ལས་ དུར་ཁྲོད་ཀྱི་ཐང་ནང་ལས་ཕར་ ཡར་འགྱོ་མར་འགྱོ་སྦེ་ སྡོད་དོ་ཡོདཔ་ཨིན་པས།
ཁོ་གིས་ འཕྲལ་འཕྲལ་སྦེ་ ལམ་གྱི་ཟུར་བདའ་སྟེ་ གཟུགས་ཁར་གོ་ལ་ཡང་མེད་པར་ ཉལ་སྡོད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ འགོ་དང་པ་འོང་མི་ཚུ་གིས་ ཁོ་མཐོངམ་ད་ ཧ་ལས་པའི་བྱ་བ་ལུ་ཐུག་དོ་ཡོདཔ་ཨིན་པས།
ཁྲོམ་ཁའི་ཚོང་ཁང་ཚུ་ གོ་རིམ་བཞིན་དུ་སྦེ་ སྒོ་བསྡམས་པའི་བསྒང་ལས་ སངས་རྒྱས་ཕུན་ཚོགས་ཀྱིས་ཡང་ ཕྱི་རུའི་ བཞེས་སྒོ་བཟའ་ཚར་ཏེ་ དུར་ཁྲོད་ནང་ ཉལ་བར་འགྱོ་དོ་ཡོདཔ་ཨིན་པས།
ས་གནས་ནང་སྡོད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སངས་རྒྱས་ཕུན་ཚོགས་ཀྱིས་ མ་འདྲཝ་ཅིག་ག་ཅི་འབད་ནི་འདུག་ཟེར་བ་ཅིན་ ཁོ་གིས་ ཉིན་མ་ག་ཏེ་ལུ་འཁྱམས་སྡོད་རུང་ ཕྱི་རུ་ཞག་ཉལ་བ་དེ་ དུར་ཁྲོད་ནང་ལུ་ར་ འགྱོ་དགོ་པས་ཟེར་ཨིནམ་ད་ འཕྲལ་འཕྲལ་སྐབས་ ཤོག་གུའི་སྒྲོམ་འཐུ་ཞིནམ་ལས་ ཕྱགས་སྙིགས་སྒྲོམ་གྱི་ སྦོ་ལོགས་ཁ་ལས་ཕར་ཡང་ ཉལ་སྡོདཔ་མས་ཟེར་ཨིན་པས།
ས་གནས་ནང་གི་ མི་ཚུ་གིས་ ཁོ་ལུ་ འཆོལ་ལོང་ཟེར་འབོ་དོ་ཡོདཔ་ཨིན་རུང་ ཁོ་གིས་ ས་གནས་ནང་ ཤོག་གུ་དང་ ཆུ་ཤོག་ ག་ལྷོད་བཀོག་བཞག་མི་ཚུ་ འཐུ་དོ་ཡོདཔ་ཨིན་པས།
ཁོ་གིས་ བསམ་གྲུབ་ལྗོངས་མཁར་ལུ་སྡོད་དེ་ ལོ་བཅུ་ཐམ་དེ་ཅིག་ སོང་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ཁོ་ར་ གཞལམ་སྒང་དང་ དབང་འདུས་ཕོ་བྲང་ཚུ་ནང་ སྡོད་པའི་ལོ་རྒྱུས་ཡང་ ཡོདཔ་ཨིན་པས།
བཟའ་ཁང་གི་ཇོ་བདག་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སངས་རྒྱས་ཕུན་ཚོགས་ཀྱིས་ བཟའ་ཁང་ནང་ ཆུ་ཤོག་ཅིག་འབག་འོང་བའི་བསྒང་ལས་ ཁོ་ལྟོ་ལྷང་པ་འོངམ་ཨིན་ཟེར་ ཧ་གོ་དགོ་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་ ཁྲོམ་ཁར་ ཚོད་བསྲེ་བཙོང་སྡོད་མི་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ ཁོ་གིས་ གསར་ཤོག་ཚུ་ ཨིང་སྐད་དང་ རྫོང་ཁ་ གཉིས་ཆ་ར་ ལེགས་ཤོམ་སྦེ་ ལྷག་ནི་འདུག་ཟེར་ཨིན་པས།
ཚོད་བསྲེ་བཙོང་མི་ཅིག་གིས་འབད་བ་ཅིན་ སངས་རྒྱས་ཕུན་ཚོགས་ཀྱིས་ སློབ་རིམ་༡༢ པ་ཚུན་ལྷབ་ཡོདཔ་མ་ཚད་ ཁོ་གི་ ཕམ་སྤུན་ཆ་ཚུ་ཡང་ སྒྲིང་སྒྲིང་ཡོད་པའི་ ལོ་རྒྱུས་ཚུ་གོ་ཡི་ཟེར་ཨིན་པས།
སྐྱེས་ལོ་༣༣ ལང་མི་ བཟའ་ཁང་གི་ ཇོ་བདག་གིས་འབད་བ་ཅིན་ ཁོ་གི་ ཕམ་སྤུན་ཆ་ཚུ་གིས་ ཁོ་བདག་འཛིན་འབད་མ་ཚུགསཔ་ལས་བརྟེན་ ཐང་བཏང་བཞག་བཞགཔ་འོང་ནི་མས་ཟེར་ཨིནམ་ད་ ཁོ་གི་སྤུན་ཆ་ཚུ་ བསམ་གྲུབ་ལྗོངས་མཁར་ལུ་འོངམ་ད་ ཁོ་ལུ་ གོ་ལ་ཉོ་བྱིནམ་མས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་ ཁྲོམ་སྡེའི་འགོ་དཔོན་ཅིག་གིས་འབད་བ་ཅིན་ སངས་རྒྱས་ཀྱི་ ཕམ་སྤུན་ཆ་ག་ཨིན་ན་ ད་ལྟོ་ ངོས་འཛིན་འབད་མ་ཚུགས་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ཕམ་སྤུན་ཆ་ཚུ་ ངོས་འཛིན་འབད་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ མི་དེ་ རྩིས་སྤྲོད་འབད་ནི་མས་ཟེར་ཨིན་པས།
སངས་རྒྱས་ཀྱིས་ས་གནས་ ག་ལྷོད་ས་ལུ་ མེ་འཕུ་དོ་ཡོདཔ་ལས་མེ་རྐྱེན་ཤོར་ནིའི་ཉན་ཁ་འདུག་ཟེར་ ཁྲོམ་སྡེ་འགོ་དཔོན་གྱིས་ བཤདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ མི་སེར་མང་ཤོས་ཅིག་གིས་ སངས་རྒྱས་ཀྱི་མི་ཚེའི་གནས་སྟངས་ དེ་བཟུམ་ཅིག་ལུ་ ག་དེ་སྦེ་ གྱུར་སོཔ་ཨིན་ན་མ་ཤེས་རུང་ ལ་ལུ་ཅིག་གིས་འབད་བ་ཅིན་ ཁོ་ར་ ཧེ་མ་སྨྱོ་རྫས་ལུ་ ཤུགས་ཐལ་མི་ལུ་བརྟེན་ མེདཔ་ཐལ་ནུག་ཟེར་ བཤད་ཨིན་པའི་གནས་ཚུལ།


ཡེ་ཤེས་སྒྲོལ་མ།

No comments:

Post a Comment