གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེ་ཨའུ་ཚོ་གི་ སྨོན་ལམ་ཆེན་མོ་ ནངས་པ་འགྲོལ་ནི།

༡/༡༢/༢༠༡༢   ༉ ལྷུན་རྩེ་ ཨའུ་ཚོ་རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ དབུ་བཞུགས་ཐོག་ལས་ ལྷུན་རྩེ་རབ་སྡེ་དང་ མོང་སྒར་རབ་སྡེ་ དེ་ལས་ བཀྲིས་གཡང་རྩེ་རབ་སྡེ་ཚུ་ལས་ དགེ་སློང་ཞལ་གྲངས་༣༠༠ ལྷགཔ་ཅིག་གིས་ སྨོན་ལམ་ཆེན་མོ་ ཐེངས་༤ པ་ གནང་པའི་བསྒང་ཡོདཔ་ཨིན་པས།
ལཱ་བརྒྱ་ཆ་༨༠ དེ་ཅིག་ མཇུག་བསྡུ་ཡོད་མི་ ཨའུ་ཚོ་རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་།


རང་ཟླ་༡༠ པའི་ཚེས་༡༣ ལས་ འགོ་བཙུགས་མི་ ལོ་བསྟར་གྱི་ སྨོན་ལམ་ཆེན་མོ་གནང་སར་ ས་གནས་ཀྱི་མི་དང་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ལས་ མ་ཎི་བགྱང་མི་ དད་ཅན་སྐྱ་སེར་༡,༧༠༠ དེ་ཅིག་ འཛོམས་ཡོདཔ་ཨིན་པས།
སྨོན་ལམ་ཆེན་མོ་དེ་ རང་ཟླ་༡༠ པའི་ཚེས་༡༩ ལུ་ འགྲོལ་གནང་ནི་དང་ ཚེས་༢༡ ལུ་ མགོན་པོ་ཚེ་དཔག་མེད་ཀྱི་ མཐོང་གྲོལ་མཇལ་ཁ་གནང་ནི་དང་འབྲེལ་ བཀྲ་ཤིས་སྨོན་ལམ་གནང་ནི་ཨིན་པས།
གསུང་རབ་འགོ་དཔོན་ རིན་ཆེན་ཆོས་བཟང་གིས་ བཤད་མི་དང་འཁྲིལཝ་ད་ ཨའུ་ཚོ་རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་གི་ གཙུག་ལག་ཁང་དེ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཁོ་རའི་ སྐུ་སྒེར་མ་དངུལ་ཐོག་ལས་ སྤྱི་ལོ་༢༠༠༥ ལུ་ བཞེངས་ནི་འགོ་བཙུགས་ཡོདཔ་བཞིན་དུ་ ད་ལྟོ་ ཕྱིའི་ལཱ་ཚུ་ བརྒྱ་ཆ་༨༠ དེ་ཅིག་ མཇུག་བསྡུ་སྟེ་ ཡོད་ཟེར་ཨིན་པས།
ནང་རྟེན་ཚུ་གི་ཐད་ཁར་ ད་རེས་ བཞེངས་ནི་འགོ་བཙུགས་པའི་བསྒང་ཡོད་ཟེར་ སླབ་ཨིན་པས།
གཙུག་ལག་ཁང་ གསར་བཞེངས་དོན་ལུ་ ལཱ་གི་འགོ་འདྲེན་ཚུ་ ཆ་མཉམ་ར་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ཡབ་ རིག་འཛིན་རྡོ་རྗེ་གིས་ འཐབ་དོ་ཡོདཔ་བཞིན་དུ་ དམ་ཆུ་བཟོ་སྐྲུན་ལས་སྡེའི་ཇོ་བདག་ ཀརྨ་གིས་ ལྷན་ཐབས་མ་དངུལ་གྱི་ གྲོགས་རམ་ཚུ་ འབད་དོ་ཡོདཔ་ཨིན་པས།
ཨའུ་ཚོ་རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་ གཞི་རིམ་ཆོས་ཚན་ཡོངས་རྫོགས་དང་ གར་ཐིག་དབྱངས་གསུམ་ དེ་ལས་ གཞུང་དང་རིག་གནས་ཚུ་ སློབ་སྟོན་འབད་དོ་ཡོདཔ་ཨིན་པས།
ད་རེས་ གྲྭ་ཚང་དེ་ནང་ བླམ་དང་ མཁན་པོ་གིས་གཙོས་པའི་ སློབ་དཔོན་༦ དེ་ཅིག་དང་ དགེ་སློང་ཞལ་གྲངས་༥༥ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།


བཙན་སྐྱོགས་དབང་འདུས།

No comments:

Post a Comment