གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་ བར་སྦིས་སའི་མགྱོགས་ལམ་བཏོག་འགྱོ་ནི་ལུ་ བྱ་སྟབས་མ་བདེ་བའི་དཀའ་ངལ།

༡/༡༢/༢༠༡༢   ༉ རྒྱལ་སྤྱིའི་གནས་ཚད་ནང་འབད་བ་ཅིན་ མགྱོགས་ལམ་ཟེར་བའི་སྐབས་ལུ་ ལམ་འགྲུལ་པ་ཚུ་གིས་ ལམ་སྐེདཔ་བཏོག་འགྱོ་མ་ཆོགཔ་ད་ འཁོར་ལམ་གྱི་ཕྱི་ཁ་ལས་ མགྱོགས་ལམ་ནང་འཛུལ་མི་སྣུམ་འཁོར་ཚུ་ མེདཔ་ལས་ སྣུམ་འཁོར་ཚུ་ཡང་ ཤུགས་ཚད་ཐོག་ལུ་ འགྲོ་འགྲུལ་འཐབ་དོ་ཡོདཔ་ལས་ ཐིམ་ཕུ་དང་བར་སྦིས་སའི་བར་ན་ མགྱོགས་ལམ་དེ་ལུ་ མིང་བཏགས་ཐངས་དེ་ འཛོལ་སོཔ་བཟུམ་ཅིག་སྦེ་ མཐོངམ་ཨིན་པས།
ཐིམ་ཕུ་དང་ བར་སྦིས་སའི་མགྱོགས་ལམ།


དེ་ཡང་ མགྱོགས་ལམ་གྱི་བར་ན་ལས་ཕར་ མི་ཚུ་ལམ་སྐེདཔ་བཏོག་འགྱོ་ནིའི་དོན་ལུ་ སྒོ་ལེ་ཤ་ཅིག་ར་བཞག་ཏེ་ཡོདཔ་ད་ འཁོར་ལམ་གཞན་ཚུ་ལས་ སྣུམ་འཁོར་ཚུ་ མགྱོགས་ལམ་ནང་འཛུལ་སའི་ས་ཁོངས་ཡང་ ལེ་ཤ་ཅིག་ར་ཡོད་མི་ལུ་བརྟེན་ཏེ་ཨིན་པས།
དེ་ལུ་ ཐིམ་ཕུ་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་ མགྱོགས་ལམ་དེ་ བཟོ་བའི་སྐབས་ལུ་ ལམ་གྱི་གཡས་དང་གཡོན་ལུ་ གོང་འཕེལ་གྱི་ལས་སྣ་ཚུ་ ག་ནི་ཡང་མེདཔ་ལས་ མགྱོགས་ལམ་སྦེ་ར་བཟོ་བཀོད་འབད་ཡོདཔ་ཨིན་རུང་ ཤུལ་ལས་ ད་རེས་ནངས་པ་ མཐོང་གསལ་ཆེ་བའི་ གོང་འཕེལ་གྱི་ལཱ་ལེ་ཤ་ཅིག་ར་ ཐོན་ཡི་ཟེར་ཨིནམ་ད་ ལམ་གྱི་མིང་ཡང་ སོར་ནིའི་འཆར་གཞི་ཡོདཔ་ཨིན་པས།
དེ་དང་འཁྲིལ་ ས་གནས་ཚུ་ནང་སྡོད་མི་ཚུ་ལུ་ མགྱོགས་ལམ་དེ་གིས་ ཕན་སྦོམ་ཐོགས་དོ་ཡོདཔ་ལས་ འཁོར་ལམ་སྐེདཔ་བཏོག་འགྱོ་ནིའི་དོན་ལུ་ཡོད་པའི་ འཛུལ་སྒོ་ཚུ་དང་ མགྱོགས་ལམ་ཁར་ མཐུད་སྦྲེལ་འབད་མི་འཁོར་ལམ་ཚུ་ བསུབས་ཐབས་མིན་འདུག་ཟེར་ཨིནམ་མ་ཚད་ སང་ཕོད་ཀྱི་ལོ་ནང་ མགྱོགས་ལམ་དེ་རྩིས་པའི་ ཐིམ་ཕུ་ཁྲོམ་གྱི་ འཁོར་ལམ་གྱི་མིང་ཚུ་ག་ར་ སོར་ནི་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༣ ལུ་ མགྱོགས་ལམ་དེ་གི་ཐོག་ཁར་ ལས་མི་ཚུ་ ལམ་གྱི་གཡས་གཡོན་ལས་ཕར་ འགྲོ་འགྲུལ་འབད་སའི་ཟམ་ཁག་༤དེ་ཅིག་ བཟོ་བཀོད་འབད་ནི་ཨིནམ་ད་ དེ་གི་དོན་ལུ་ བཟོ་བཀོད་ཀྱི་ལཱ་ཚུ་ འབད་བའི་བསྒང་ར་ཡོད་ཟེར་ཨིན་པས།
དེ་དང་གཅིག་ཁར་ ད་རེས་ སེམས་རྟོགས་ཁ་དང་ བར་སྦིས་སའི་ས་གནས་ཚུ་ནང་ ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་ ཟད་འགྲོ་བཏང་ཐོག་ལས་ ས་གནས་གོང་འཕེལ་གྱི་ལཱ་ཚུ་ ལེ་ཤ་ཅིག་ར་འགོ་འདྲེན་འཐབ་པའི་བསྒང་ཡོད་ནི་དེ་གིས་ མགྱོགས་ལམ་དེ་ ལག་ལེན་འཐབ་དགོཔ་ལས་ ལས་འགུལ་གྱི་ལཱ་ཚུ་མཇུག་བསྡུ་བའི་བསྒང་ལས་ ས་གནས་ཚུ་ནང་ཡང་ འཁོར་ལམ་ཚུ་ རྩི་ནག་བཏང་ཐོག་ལས་ ལེགས་ཤོམ་བཟོ་ནི་ཨིན་མི་དང་འཁྲིལ་ གཡས་གཡོན་གྱི་སྣུམ་འཁོར་ལམ་ཚུ་ཡང་ ལོག་བསུབས་ནི་ཨིན་ཟེར་ཨིན་པས།
ད་རེས་ཀྱི་གནས་སྟངས་ནང་ མི་ཚུ་གིས་ ལམ་གྱི་བར་ནའི་མཚམས་ཚུ་ནང་ ལྕགས་ཁྲམ་བཙུགས་ཏེ་ཡོད་མི་ཚུ་གུ་ལས་ འཛེགས་འགྱོ་ས་ཡང་མཐོང་དོ་ཡོདཔ་ཨིན་རུང་ ཤུལ་ལས་ ལག་ལེན་དེ་ བཀག་ཆ་འབད་ཚུགས་པའི་འོས་འབབ་ཡོད་ཟེར་ཨིན་པས།
ཨིན་རུང་ སྣུམ་འཁོར་གྱི་ཤུགས་ཚད་ཚུ་ལུ་ཚད་གཞི་བཟོ་ནི་དང་ ལམ་གྱི་བར་ནའི་མཚམས་ཚུ་ མཛེས་ཆའི་དོན་ལུ་ ཤིང་ཚུ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཏེ་ ཡོད་ཟེར་ཨིན་པས།
ད་རེས་ཀྱི་ མགྱོགས་ལམ་གྱི་གནས་སྟངས་ལུ་བརྟེན་ ས་གནས་ནང་ ལོ་བསྟར་བཞིན་དུ་ མི་གྲངས་༦༠ རེ་ལུ་ སྣུམ་འཁོར་ལུ་བརྟེན་པའི་ཤི་རྐྱེན་དང་ གནོད་སྐྱོན་ཚུ་བྱུང་དོ་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་༩ པའི་ནང་ ས་གནས་ཨོ་ལ་ཁའི་ཉེ་འདབས་ལུ་ཡོད་པའི་ ཧུན་ཌའི་སྣུམ་འཁོར་འགྲེམ་སྟོན་ཁང་གི་ཉེ་འདབས་ལུ་ སྣུམ་འཁོར་ཅིག་གིས་ ཨམ་སྲུ་ སྐྱེས་ལོ་༢༣ ལང་མི་ཅིག་ འཐུ་བཀོག་སྟེ་ བསད་ཡོདཔ་ཨིན་པས།
ཐིམ་ཕུ་ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རིང་ཚད་ ཀི་ལོ་མི་ཊར་༦.༢ འབད་མི་མགྱོགས་ལམ་དེ་ བརྒལ་འགྱོ་ནིའི་དོན་ལུ་ཡོད་པའི་སྒོ་ཚུ་ ཚར་ཅིག་བསུབས་བཞག་ཡོདཔ་ཨིན་རུང་ ཤུལ་ལས་ མི་སེར་ཚུ་གིས་ དགོས་མཁོ་བཀོད་མི་དང་འཁྲིལ་ ལོག་སྒོ་ཕྱེ་ཡི་ཟེར་ཨིན་པས།
ཨོ་ལ་ཁ་ལུ་སྡོད་མི་ སྐྱེས་ལོ་༣༨འབད་མི་ ལྷ་མོ་གིས་བསམ་འཆར་བཀོད་མའི་ནང་ མགྱོགས་ལམ་ཁར་ མི་འགྱོ་སའི་ས་སྒོ་ལེ་ཡོད་མི་ལུ་བརྟེན་ དམིགས་བསལ་གྱི་ སློབ་ཕྲུག་ཚུ་གི་དོན་ལུ་ ཉེན་ཁ་སྦོམ་སྦེ་ར་འདུག་ཟེར་ ཨིན་རུང་ ལམ་ཐག་རིང་ས་ལས་ སྐོར་འགྱོ་མ་དགོ་པར་ ལམ་ཕྱོགས་གཞན་ཁ་འགྱོ་ནིའི་དོན་ལུ་ དགོཔ་ཁག་ཆེ་བས་ཟེར་ཨིན་པས།
ཁྲིམས་སྲུང་བརྡ་སྟོན་སྡེ་ཚན་གྱི་ ལིང་དཔོན་ པ་སངས་རྡོ་རྗེ་གིས་འབད་བ་ཅིན་ མགྱོགས་ལམ་གྱི་ལམ་ཕྱོགས་༢ ཀྱི་བར་ནའི་མཚམས་ཚུ་ ལྕགས་ཁྲམ་བཙུགས་ནི་དེ་གིས་ དེད་གཡོགཔ་ཚུ་ལུ་ཡང་ ཉེན་ཁ་ཅན་སྦེ་ མཐོང་དོ་ཡོདཔ་ད་ གལ་སྲིད་ ཐིམ་ཕུ་ཆུ་རྩལ་ཁང་གི་ས་ཁོངས་ནང་བཟུམ་སྦེ་ རྩི་ས་གིས་ བཟོ་བཀོད་འབད་བ་ཅིན་ དེད་གཡོགཔ་ཚུ་གིས་ སྣུམ་འཁོར་ཚུ་ རིགཔ་འགྱིམ་སྟེ་བཏང་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མགྱོགས་ལམ་དེ་ཁ་ལས་ཐོན་ཏེ་ ཕྱོགས་གཞན་ཁ་འགྱོ་ནི་དང་ མགྱོགས་ལམ་ནང་འཛུལ་ནིའི་ལམ་ཚུ་ ཡོད་པ་ཅིན་ མི་ཚུ་ལམ་བརྒལ་འགྱོ་ནིའི་དོན་ལུ་ དཀའ་ངལ་མི་འབྱུང་ནི་མས་ཟེར་ཨིན་པས།
ཐིམ་ཕུ་ཁྲོམ་སྡེའི་ བཟོ་རིག་ བཀོད་ཁྱབ་འགོ་དཔོན་ སངས་རྒྱས་དབང་འདུས་ཀྱིས་ འབད་བ་ཅིན་ ད་རེས་ བཟོ་བཀོད་འབད་བའི་བསྒང་ཡོད་མི་ཟམ་གྱི་བཀོད་རིས་ཚུ་ བཟོ་སྐྲུན་འབད་ནིའི་དོན་ལུ་ དུས་ཡུན་རིངམོ་མི་འགོར་ཟེར་ཨིན་པས།
མགྱོགས་ལམ་དེ་ཁར་ཡོད་པའི་ ཧུན་ཌའི་སྣུམ་འཁོར་འགྲེམ་སྟོན་ཁང་དང་ ཌོག་ཊར་སྟོབས་རྒྱས་སློབ་གྲྭའི་བར་ན་ ནུབ་མོའི་གློག་མེ་ཚུ་ཡང་ མེདཔ་ཐལ་ཡོདཔ་ད་ ཁྲོམ་སྡེའི་བཀོད་ཁྱབ་བཟོ་རིག་འགོ་དཔོན་འོགམ་ ལབ་ཀུ་མར་གྱིས་ འབད་བ་ཅིན་ ལྕང་བང་འབྲུ་གི་ཉེ་འདབས་ལུ་ མི་སེར་ཚུ་གིས་ བཟོ་སྐྲུན་གྱི་དོན་ལུ་ ས་བརྐོ་བའི་སྐབས་ ས་འོག་གློག་ཐག་ཚུ་ བཏོགས་བཏང་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ད་ལྟོ་ དེ་ཚུ་ ཉམས་བཅོས་འབད་ནི་ལུ་ དཔའ་བཅམ་ཡོདཔ་ཨིན་རུང་ མཐར་འཁྱོལ་བྱུང་མ་ཚུགསཔ་ད་ གློག་མེ་རྒྱུན་སྤེལ་ཨམ་ཚུ་ཡང་ མེདཔ་ཐལ་ཏེ་ ལོ་༡ ལྷག་ཙམ་སོང་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment