གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་གངས་རིའི་ སྐྱེ་ལྡན་ལུ་གནོད་པ་ཟེར་མི་ ཞིབ་འཚོལ་སྙན་ཞུ་གསར་བཏོན།

༡/༡༢/༢༠༡༢   ༉ བུམ་ཐང་ ཨོ་རྒྱན་དབང་ཕྱུག་ཉམས་སྲུང་དང་ རང་བཞིན་གནས་སྟངས་སློབ་སྦྱོང་སྤེལ་ཁང་གིས་ ཞིབ་འཚོལ་འབད་བའི་ སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་འབད་མིའི་གྱངས་ཁ་ ཡར་སེང་འགྱོ་མི་དང་འཁྲིལ་ རི་ཁ་ལུ་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོག་དོ་ཡོད་པའི་ གནས་སྟངས་དེ་ཡང་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འབྲུག་གི་གངས་རིའི་ སྐྱེ་ལྡན་ལུ་གནོད་པ་ཟེར་མི་ ཞིབ་འཚོལ་སྙན་ཞུ་ གསར་བཏོན་གནང་པའི་བསྒང་།


དབྱར་རྩྭ་དགུན་འབུབ་བསྡུ་མི་ལུ་བརྟེན་ མི་ཚེའི་གནས་སྟངས་དང་ འབྲུག་གི་ གངས་རིའི་སྐྱེ་ལྡན་ལུ་ གནོད་པ་ཟེར་མི་ ཞིབ་འཚོལ་སྙན་ཞུ་དེ་ཡང་ ཁ་ཙ་ སློབ་སྦྱོང་སྤེལ་ཁང་གི་ བཀོད་ཚོགས་སྤྱི་ཁྱབ་ཞལ་འཛོམས་ ཐེངས་༢ པ་ མཇུག་བསྡུ་བའི་ཤུལ་ལུ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གསར་བཏོན་གནང་ཡི།
སློབ་སྦྱོང་སྤེལ་ཁང་ལས་ ཞིབ་འཚོལ་པ་ སངས་རྒྱས་དབང་ཕྱུག་གིས་འབད་བ་ཅིན་ དབྱར་རྩྭ་དགུན་འབུབ་ འཐུ་སའི་ས་ཁོངས་དང་ དབྱར་རྩྭ་དགུན་འབུབ་འཐུ་མི་ཚུ་སྡོད་ས་ དེ་ལས་ འབུབ་འཐུ་བར་འགྱོ་མི་ཚུ་གིས་ ལམ་བདའ་སྟེ་ དམིགས་བསལ་དུ་ ཁ་ཟས་མེ་གི་དང་ ཝའི་ཝའི་གི་ཆུ་ཤོག་དང་ འཐུང་ཆུའི་དམ་སྦྱིས་ཚུ་ ག་ལྷོད་བཀོག་མི་དེ་ དོ་འགྲན་ཅན་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།
སངས་རྒྱས་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་ལ་ལུ་ཅིག་གིས་ ཕྱགས་སྙིགས་ཚུ་བསྡུ་སྟེ་ ཕད་ཙེ་ཚུ་ནང་ འདེགས་ཞིནམ་ལས་ ས་གནས་ཚུ་ནང་ར་ བཀོག་བཞག་དོ་ཡོདཔ་ད་ མ་གཞི་ དབྱར་རྩྭ་དགུན་འབུབ་ བསྡུ་བསྒྱོམ་ལུ་བརྟེན་ ས་ཁ་མཐོ་སར་སྡོད་མི་ མི་སེར་ཚུ་གི་ མི་ཚེའི་གནས་སྟངས་ གོང་འཕེལ་བཏང་ཚུགས་ཡོདཔ་ཨིན་རུང་ ལམ་ལུགས་དེ་གིས་ མཐའ་འཁོར་གནས་སྟངས་ལུ་ གནོད་པ་ཚུ་ བྱུངམ་མས་ཟེར་ཨིན་པས།
ཞིབ་འཚོལ་སྐབས་ལུ་ བུམ་ཐང་ལས་ དབྱར་རྩྭ་དགུན་འབུབ་འཐུ་མི་༡༦༨ དང་ དབང་འདུས་ཕོ་བྲང་ལས་༢༢༦ གིས་ འབྲེལ་གཏོགས་འབད་ཡོདཔ་བཞིན་དུ་ དབྱར་རྩྭ་དགུན་འབུབ་འཐུ་མི་ རྒྱ་ཆ་༩༦ གིས་ རང་སོའི་ཕྱགས་སྙིགས་ཚུ་ འཛིན་སྐྱོང་མི་འཐབ་དོ་ཡོད་པའི་ མངོན་གསལ་བྱུང་ནུག།
དེ་ཚུའི་གྲས་ལས་ བརྒྱ་ཆ་༩ གིས་ ཕྱགས་སྙིགས་ཚུ་ མེ་བཏང་དོ་ཡོདཔ་ད་ བརྒྱ་ཆ་༦ གིས་ ས་དོང་ནང་ཨེབ་བཞག་དོ་ཡོདཔ་ད་ བརྒྱ་ཆ་༣ གྱིས་ ཕྱགས་སྙིགས་ཚུ་ ཆུ་ནང་བཀོག་དོ་ཡོདཔ་མ་ཚད་ བརྒྱ་ཆ་༥༨ ཀྱིས་ ཕྱགས་སྙིགས་ཚུ་ ས་ཁོངས་ཚུ་ནང་ ག་ལྷོད་བཀོག་དོ་ཡོདཔ་སྦེ་ཤེས་ནུག།
སངས་རྒྱས་ཀྱིས་ བཤད་མིའི་ནང་ རང་བཞིན་གནས་སྟངས་དང་འབྲེལ་བའི་ ཚ་གྱང་དེ་ རི་ཁ་ལུ་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོག་མི་དེ་རྐྱངམ་གཅིག་མེན་པར་ མེ་བཏང་མི་དང་ ཆུ་ནང་བཀོག་མི་ཚུ་ཡང་ ཚུདཔ་ཨིན་ཟེར་ཨིན་པས།
དེ་སྦེ་ མེ་བཏང་མི་ལུ་བརྟེན་ རླུང་ཚུ་ ཁམས་ལོག་སི་སི་ཐལ་ནི་དང་ ཆུ་ནང་བཀོག་བའི་སྐབས་ ག་ནི་བ་ གཙང་ཏོག་ཏོ་འབད་བའི་གཙང་ཆུ་ཚུ་ ཁམས་ལོག་སི་སི་བཟོཝ་བཞིན་དུ་ དེ་གིས་ མི་ལུ་ཡང་ གནོད་སྐྱོན་སྦོམ་ཡོད་ཟེར་ སངས་རྒྱས་ཀྱིས་སླབ་ཅི།
དེ་བཟུམ་སྦེ་ སྤྱི་ཟླ་༥ པ་དང་༦ པ་ཚུ་གི་སྐབས་ དབྱར་རྩྭ་དགུན་འབུབ་འཐུ་སའི་ ས་ཁོངས་ཚུ་ནང་ ཐབ་ཤིང་དཀོན་ནི་དེ་གིས་ མི་ཚུ་གིས་ ཨེ་ཏོག་མེ་ཏོག་གི་ཤིང་ཚུ་ཡང་ བརྡབ་དོ་ཡོདཔ་མ་ཚད་ བཞེས་སྒོ་འབད་ནི་དང་ མེ་གཏང་ནིའི་དོན་ལུ་ ཤིང་གཞན་ཚུ་ཡང་ བརྡབ་དོ་ཡོདཔ་སྦེ་ སློབ་སྦྱོང་སྤེལ་ཁང་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
སངས་རྒྱས་ཀྱིས་ སླབ་མིའི་ནང་ འབུབ་འཐུ་མི་ཚུ་གིས་ མང་ཤོས་ཅིག་ ཨེ་ཏོག་མེ་ཏོག་གི་ཤིང་ཚུ་ བརྡབ་མི་དེ་ཡང་ ཤིང་གཞན་དང་ཕྱདཔ་ད་ དྲོད་ཆེ་དྲགས་དང་ དུས་ཡུན་ཡང་ རིངམོ་སྦེ་ ཐུབ་དོ་ཡོད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིནམ་མ་ཚད་ ཨེ་ཏོག་མེ་ཏོག་གི་ཤིང་ཚུ་ ལོ་རེ་ལུ་ སེན་ཊི་མི་ཊར་༠.༦ རེ་ལས་ སྐྱེས་མི་ཚུགས་དོ་ཡོདཔ་ལས་ ཤིང་གི་མཐོ་ཚད་ སེན་ཊི་མི་ཊར་༨ སྐྱེས་ནིའི་དོན་ལུ་ དུས་ཡུན་ལོ་༡༦༩ འགོརཝ་ཨིན་ཟེར་ཨིན་པས།
ཞིབ་འཚོལ་དང་འཁྲིལ་བ་ཅིན་ འབུབ་འཐུ་མི་ བརྒྱ་ཆ་༧༨ ཀྱིས་ ཐབ་ཤིང་གིས་དོན་ལུ་ ཨེ་ཏོག་མེ་ཏོག་དང་ ཇུ་ནི་པར་ཟེར་མི་ ཤིང་གི་རིགས་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ གཞན་ཚུ་གིས་ ས་མར་ཁུ་ཚུ་ ལག་ལེན་འཐབ་དོ་ཡོདཔ་སྦེ་ བཀོད་ནུག།
མ་གཞི་ དབྱར་རྩྭ་དགུན་འབུབ་འཐུ་བའི་སྐབས་ བཞེས་སྐྒོ་འབད་ནིའི་དོན་ལུ་ ས་མར་ཁུ་དང་ མེ་རླུང་གེསི་ཚུ་ ལག་ལེན་འཐབ་དགོ་པའི་སྐོར་ལས་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ་སྦེ་ ཞིབ་འཚོལ་གྱི་སྙན་ཞུ་ནང་ བཀོད་ཡོདཔ་ཨིན་རུང་ སངས་རྒྱས་ཀྱིས་འབད་བ་ཅིན་ དབྱར་རྩྭ་དགུན་འབུབ་འཐུ་བའི་སྐབས་ དུས་ཡུན་ཟླཝ་ལས་བཅད་དེ་ འགོར་དོ་ཡོདཔ་ལས་ ཐབས་ལམ་དེ་ འོས་འབབ་ཅན་ཅིག་ མིན་འདུག་ཟེར་སླབ་ཨིན་པས།
སངས་རྒྱས་ཀྱིས་ འབད་བ་ཅིན་ མི་སེར་ཚུ་གི་འོང་འབབ་ བརྒྱ་ཆ་༨༠ དབྱར་རྩྭ་དགུན་འབུབ་ལུ་བརྟེན་ བྱུང་དོ་ཡོདཔ་ལས་ འབུབ་འཐུ་བར་འགྱོ་བའི་སྐབས་ རང་དང་གཅིག་ཁར་ ས་མར་ཁུ་དང་ མེ་རླུང་རྒྱ་རྫི་ཚུ་ འབག་འགྱོ་དགོ་པ་ཅིན་ ཟད་འགྲོ་སྦོམ་གནས་ནི་ཨིན་པས་ཟེར་ ཨིནམ་མ་ཚན་ ཨེ་ཏོག་མེ་ཏོག་གི་ཤིང་ཚུ་ མར་འབབ་འགྱོ་དོ་ཡོད་པའི་ གནད་དོན་གཞན་མི་དེ་ རྒྱལ་ཁབ་ཀྱི་ བྱང་ཕྱོགས་ས་མཚམས་ནང་ལས་ ཁྲིམས་འགལ་ཐོག་ལས་ དབྱར་རྩྭ་དགུན་འབུབ་ འཐུ་བར་འོང་མི་ཚུ་གིས་ཡང་ ཐབ་ཤིང་སྦེ་ ལག་ལེན་འཐབ་དོ་ ཡོད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་སླབ་ཅི།
དབྱར་རྩྭ་དགུན་འབུབ་འཐུ་སའི་ས་ཁོངས་ཚུ་ རྒྱ་ནག་རྒྱལ་ཁབ་ལས་ ཐག་ཉེ་སར་འབད་ནི་དེ་གིས་ ས་མཚམས་ལས་ ཁྲིམས་འགལ་ཐོག་ འབུབ་འཐུ་བར་འོང་ནི་ལུ་ འཇམ་དོ་ཡོདཔ་བཞིན་དུ་ བུམ་ཐང་གི་ ནགས་ཚལ་ལྟ་ཞིབ་འགོ་དཔོན་ཚུ་གིས་ སྤྱི་ལོ་༢༠༠༨ ལུ་ ཚུལ་མིན་ཐོག་ལས་ རྒྱལ་ཁབ་ཀྱི་ས་ཁོངས་ནང་ འབུབ་འཐུ་བར་འོང་མི་ བོདཔ་༡༣ འཛིན་བཟུང་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༦ ཚུན་ལུ་ ཁྱིམ་༡ ནང་ལས་ མི་རེ་གིས་མ་གཏོགས་ འབུབ་འཐུ་བར་ འགྱོ་མ་ཆོགཔ་ཨིན་རུང་ སྤྱི་ལོ་༢༠༠༨ ལས་ ཁྱིམ་རེ་ནང་ལས་ མི་༣ རེ་འགྱོ་ཆོགཔ་ བཟོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༠༧ ལུ་ དབྱར་རྩྭ་དགུན་འབུབ་ཀེ་ཇི་རེ་ལུ་ རིན་གོང་ཡུ་ཨེསི་ཌོ་ལར་༡༠,༠༠༠ རེ་སྦེ་ བཙོང་ཡོདཔ་ཨིན་རུང་ ད་རེས་ ཡུ་ཨེསི་ཌོ་ལར་༢༤,༠༠༠ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་ལུ་བརྟེན་ རང་བཞིན་སྐྱེ་ལྡན་ལུ་ གནོད་པ་བྱུང་མི་དང་འཁྲིལ་ སངས་རྒྱས་ཀྱིས་འབད་བ་ཅིན་ འབུབ་འཐུ་སའི་ས་ཁོངས་ཚུ་ནང་ ཕྱགས་སྙིགས་བཀོ་སའི་ ས་ཁོངས་ངོས་འཛིན་འབད་ནི་དང་ ཆོག་ཐམ་གྱི་གྱངས་ཁ་ མར་ཕབ་འབད་ནི་ དེ་ལས་ ལྟ་རྟོག་འབད་མིའི་ གྱངས་ཁ་ཡར་སེང་འབད་ནི་དང་ འབུབ་འཐུ་མི་ཚུ་ལུ་ ཕྱགས་སྙིགས་འཛིན་སྐྱོང་གི་སྐོར་ལས་ ཤེས་ཡོན་བྱིན་ནི་ཚུ་ གདོང་ལེན་གྱི་ཐབས་ལམ་ ཨིན་མས་ཟེར་ཨིན་མས།
དེ་ལུ་ འབུབ་འཐུ་མི་ མང་ཤོས་ཅིག་གིས་ར་ ཁས་ལེན་འབད་དོ་ཡོདཔ་བཞིན་དུ་ ལ་ལུ་ཅིག་གིས་འབད་བ་ཅིན་ ཁོང་རའི་ཕྱགས་སྙིགས་ཚུ་ ཨ་རྟག་ར་ བདག་འཛིན་འཐབ་དོ་ཡོདཔ་སྦེ་ སླབ་ཨིན་པས།
གླིང་བཞི་རྒཔོ་ དབང་འདུས་ཀྱིས་འབད་བ་ཅིན་ གཡུས་མི་ཚུ་ འབུབ་འཐུ་བར་ མ་འགྱོཝ་ལས་ ཉིན་གྲངས་༡ གི་རིང་ རི་ཁ་ལུ་ འབད་བཏུབ་དང་ མ་བཏུབ་ཀྱི་སྐོར་ལས་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
བཀྲིས་གཡང་རྩེ་ བུམ་སྡེ་གླིང་ལས་ དབྱར་རྩྭ་དགུན་འབུབ་འཐུ་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་ཆ་ཁྱབ་ འབུབ་འཐུ་བར་འགྱོ་བའི་སྐབས་ རི་ཁར་བཟའ་ནིའི་དོན་ལུ་ ཤོག་སྒམ་ལྡན་པའི་ བཟའ་འཐུང་གི་རིགས་ ག་ཅི་ར་འབག་དོ་ཡོདཔ་ཨིན་ན་ཚུ་ རི་དྭགས་སྲུང་སྐྱོབ་ཀྱི་ འགོ་དཔོན་ཚུ་གིས་ ཐོ་བཀོད་འབད་དོ་ཡོདཔ་ད་ ལོག་འོང་བའི་སྐབས་ ཆུ་ཤོག་ཚུ་ གྱངས་ཁ་དང་འཁྲིལ་ རྩིས་སྤྲོད་འབད་དགོཔ་ལས་ ཕྱགས་སྙིགས་ཚུ་ རི་ཁར་བཀོ་ནི་མེད་ཟེར་ཨིན་པས།
དེ་མ་ཚད་ དབྱར་རྩྭ་དགུན་འབུབ་འཐུ་སའི་ ས་ཁོངས་ནང་ལྷོདཔ་ཅིག་ འབུབ་འཐུ་ནི་ལུ་ བཙོན་ཤུགས་བསྐྱེད་དགོཔ་ལས་ ཤིང་བརྡབ་ནིའི་དུས་ཚོད་ཡང་ མི་ཐོབ་ཟེར་ སླབ་པའི་གནས་ཚུལ།



 
ཉི་མ་དབང་འདུས།

No comments:

Post a Comment