གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆེ་མཐོ་ཁྲིམས་འདུན་གྱིས་ རྩོད་དཔོན་ཡོངས་ཁྱབ་ཀྱི་ བཤེར་ཡིག་ཆ་མེད།

༧/༡༢/༢༠༡༢   ཁྲིམས་ཀྱི་དོན་འགྲེལ་གནང་དགོ་པའི་ ཞུ་བ་ཕུལ་མི་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་འགལ་བའི་ངོས་འཛིན།
༉ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ བཤེར་ཡིག་དེ་ ཕྱིར་འབུད་བཏང་ཡོདཔ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མོང་སྒར་རྒྱལ་པོའི་ཞིང་གི་ ཁྲོམ་ས་ཚུལ་མིན་བགོ་བཀྲམ་དང་ ཁེ་ཕན་བྱུང་མི་༧༥ ལུ་ ཉེས་འཛུགས་ཐོག་ ཉེས་བཤེར་གྱི་ བྱ་རིམ་ཚུ་ བསྟར་སྤྱོད་འབད་བའི་བསྒང་ཡོད་མི་དེ་ འཕྲོ་མཐུད་དེ་ར་ འབད་ཆོག་ནི་ཨིན་པས།


དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ནང་སྲིད་བློན་པོ་གཉིས་ལུ་ དགོངས་ཕོག་བཀའ་རྒྱ་བཏོན་མི་དེ་ ཁྲིམས་མཐུན་མིན་པའི་ཁར་ ཕྱོགས་གཅིག་གི་ གྲོས་ཆོད་ཨིནམ་ལས་ ཆ་མེད་གཏང་དགོ་ཟེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གསོལ་ཞུ་འབདཝ་བཞིན་དུ་ ཆེ་མཐོ་ཁྲིམས་འདུན་གྱིས་ཡང་ དགོངས་ཕོག་བཀའ་རྒྱ་བསྟར་སྤྱོད་འབད་ཐབས་མེད་པའི་ བཀའ་རྒྱ་གནང་ཡོད་རུང་ ད་རིས་ཀྱི་ རྩོད་དོན་ནང་ལྷོདཔ་ད་ ལྷན་ཚོགས་ཁ་ཐུག་ལུ་ བཀའ་རྒྱ་གནང་ནི་དེ་གིས་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༣ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ བཤེར་ཡིག་ཕུལ་མི་དེ་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མའི་དོན་ཚན་༡༢༨.༣ པའི་དགོངས་དོན་ལྟར་ ཉེས་འཛུགས་བཀོད་པའི་ མི་ངོ་ལུ་ ཉེས་བཤེར་གྱི་ བྱ་རིམ་ཚུ་ བསྟར་སྤྱོད་འབད་ནི་དེ་ འགོ་ཐོག་ཨིནམ་ལས་ ཁྲིམས་ཀྱི་རིང་ལུགས་དང་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་ནུག་ཟེར་བཀོད་ནུག།
ད་རུང་ ལྷན་སྡེའི་རང་བཙན་དབང་ཁྱབ་ཐ་དད་ཀྱི་ གཞི་རྩ་ལས་ འགལ་ཡོདཔ་ལས་ ལྷན་སྡེ་གཞན་གྱི་ རང་བཙན་དབང་ཁྱབ་ནང་ ཧམ་འཛུལ་འབད་ནི་ལས་ བཀག་ཐབས་ཀྱི་ སྐྱབས་འཇུག་གསོལ་འདེབས་དང་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ཀྱི་ དོན་ཚན་༡༢༨.༣ པ་དེ་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༡ པའི་དོན་ཚན་༡༠ ཅན་མའི་ དགོངས་དོན་དང་ རྒྱབ་འགལ་ཨིནམ་ལས་ ནུས་མེད་དང་ བདེན་སྟོང་ཨིནམ་ ངོས་འཛིན་མཛད་དེ་ མ་འོངས་བྱ་རིམ་གྱི་ རྒྱུན་ལམ་བཟང་པོར་ གནས་ཐབས་ལུ་ སྲོལ་ཁྱུན་གཞི་འཛུགས་མཛད་གནང་དགོ་ཟེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གསོལ་ཞུ་ཕུལ་ནུག།
ཆེ་མཐོ་ཁྲིམས་འདུན་གྱིས་གནང་མི་ བཀའ་རྒྱ་དང་འཁྲིལ་བ་ཅིན་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མའི་དོན་ཚད་༡༢༨.༣ པ་དེ་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༢༩ པའི་དོན་ཚན་༥ པའི་དགོངས་དོན་ལས་ འགལ་བ་ཨིན་མིན་གྱི་ དོགས་སེལ་དང་ དེ་གི་གོ་བ་དོན་འགྲེལ་དྭངས་གསལ་ཅིག་ བཟོ་གནང་སྟེ་ འོས་འཚམས་ལྡན་པའི་ གསལ་བསྒྲགས་དགོཔ་སྦེ་ ཞུ་བ་ཕུལ་མི་དེ་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༡ པའི་དོན་ཚན་༨ པའི་དགོངས་དོན་ལས་ འགལ་ཡོདཔ་ལས་ ཆ་འཇོག་མཛད་ཐབས་མ་བྱུང་ཟེར་ཨིན་པས།
ཁྲིམས་ཀྱི་གོ་དོན་འགྲེལ་བཤད་ཞུ་ནི་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་ཀྱི་ གྲོས་འདེབས་དང་འཁྲིལ་ མངོན་མཐོ་ཁྲིམས་འདུན་ལུ་ བཀའ་སློབ་གནང་ན་མ་གཏོགས་ ཆེ་མཐོ་ཁྲིམས་འདུན་ལུ་ དོན་འགྲེལ་འབད་ནི་གི་ ཁྱབ་དབང་མེདཔ་ཨིན་པས།
དེ་ལས་ བཅའ་ཁྲིམས་དང་འཁྲིལ་ ཉེས་བཤེར་འབད་བའི་བསྒང་ཡོད་མི་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་ རྒྱབ་འགལ་ཨིན་པའི་ཁར་ རྩ་ཚན་༡ པའི་དོན་ཚད་༡༠ པ་ལྟར་ ནུས་མེད་དང་ བདེན་སྟོང་གི་ དོན་འགྲེལ་དགོ་པའི་ གསོལ་ཞུ་འབད་མིའི་ཐད་ལུ་ ད་ལྟོ་ ཉེས་འཛུགས་བཀོད་པའི་ རྩོད་བཤེར་དེ་ མོང་སྒར་ཁྲིམས་འདུན་ལུ་ འབད་བའི་བསྒང་ཡོད་མི་ལུ་བརྟེན་ ཆེ་མཐོ་ཁྲིམས་འདུན་ལས་ དགོངས་དོན་ལྟར་ ཐེ་གཏོགས་མེད་པར་ བཞག་གྲུབ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ནུག།
དེ་ལས་ གནད་དོན་གཞན་ཚུ་ སྤྱི་ཟླ་༡༡ པའི་ཚེས་༣༠ ལུ་ ཆེ་མཐོ་ཁྲིམས་འདུན་ལས་ གྲོས་ཐག་བཅད་གྲུབ་པའི་ གཞི་རྩ་ཚུ་དང་འཁྲིལ་ ལག་ལེན་འཐབ་དགོ་པའི་ བཀའ་རྒྱ་དང་བཅས་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ བཤེར་ཡིག་ཕུལ་མི་དེ་ ཕྱིར་འབུད་བཏང་ཡོད་པའི་གནས་ཚུལ།



 
རིག་འཛིན་དབང་ཕྱུག།

No comments:

Post a Comment