གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཁྲུན་ཆོད་ཐ་དད་སོང་རུང་ མང་མོས་ལུ་ ཆ་འཇོག་གྲུབ་ཡོདཔ།

༧/༡༢/༢༠༡༢   ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་༤ ལས་ གཉིས་གཉིས་སྦེ་ ཁག་དབྱེ་སོང་སྟེ་ བསམ་འཆར་ཐ་དད་བཀོད་མི་དེ་གིས་ གྲོང་སྡེ་ལས་འཛིན་ལུ་ སེམས་ཤུགས་དང་ བློ་སྟོབས་ཐོབ་ནུག།

༉ ལོ་ངོ་༥ གི་ཧེ་མར་ ད་ལྟོའི་ཐིམ་ཁྲོམ་གྱི་ གླ་འཁོར་བཞག་སའི་ ས་ཁོངས་ཀྱི་ བདག་དབང་སྐོར་ལས་ བཀྲིས་ཚོང་འབྲེལ་སྡེ་ཚན་དང་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་གཉིས་ཀྱི་བར་ན་ འགྲིགས་མ་ཚུགས་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མི་དེ་ ཁ་ཙ་ གྲངས་མང་ཁྲིམས་ཁྲི་གིས་ མང་མོས་ཐོག་ ཐོག་མའི་གྲོས་ཆོད་ཚུ་ལུ་ གཞི་འཛིན་འབད་དེ་ བཀྲིས་ཚོང་འབྲེལ་ལུ་ བདག་དབང་ཡོདཔ་སྦེ་ འཁྲུན་ཆོད་གནང་ཡི།
ཕྱོགས་གཅིག་ལས་ གཞུང་ས་ཨིན་པའི་ངོས་འཛིན་བྱུང་རུང་ མང་མོས་ཀྱི་ འཁྲུན་ཆོད་ནང་ བཀྲིས་ཚོང་འབྲེལ་སྡེ་ཚན་ལུ་ བདག་དབང་བྱིན་མི་ གླ་འཁོར་བཞག་སའི་ས་ཁོངས།


འདི་དང་གཅིག་ཁར་ དྲང་དཔོན་༢ ཀྱིས་ འཁྲུན་ཆོད་དེ་ལུ་ རྒྱབ་སྐྱོར་མེད་པར་ བསམ་འཆར་ཐ་དད་ཐོག་ ཁྱུ་འབུད་ཀྱི་ འཁྲུན་ཆོད་གནང་མི་དེ་ ཁྲིམས་སྡེའི་ནང་ རྒྱལ་རབས་ཅན་ཅིག་ཨིནམ་མ་ཚད་ དྲང་དཔོན་སོ་སོ་ལུ་ རང་སོའི་བསམ་འཆར་བཀོད་ནི་གི་ རང་དབང་ཡོད་མི་དང་ ཁྲིམས་སྡེའི་སྐྱོན་ཚུ་ཡང་ གསལ་སྟོན་འབདཝ་ཨིན་མས།
ཆེ་མཐོ་ཁྲིམས་འདུན་ནང་ ཁྲིམས་སྤྱི་ལས་ཚབ་རྩིས་ཏེ་ དྲང་དཔོན་༤ ཡོད་མིའི་ འཁྲུན་ཆོད་ཐ་དད་སོང་མི་དེ་ཡང་ ཁྲི་༢ པའི་དྲང་དཔོན་ ནོར་བུ་ཚེ་རིང་དང་ ཁྲིམས་སྤྱི་ལས་ཚབ་ དྲང་དཔོན་སངས་རྒྱས་མཁའ་འགྲོ་༢ ཀྱིས་ སྤྱི་ལོ་༢༠༠༧ ཟླཝ་༡༠ པའི་ཚེས་༣༠ ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༤ པ་དང་ སྤྱི་ལོ་༢༠༠༨ ཟླཝ་༨ པའི་ནང་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༣ པ་དང་ ཡོངས་ཁྲི་གིས་གནང་མི་ འཁྲུན་ཆོད་ཚུ་ལུ་ གཞི་འཛིན་ཐོག་ བསྒྱུར་བཅོས་མེད་པར་ བཀྲིས་ཚོང་འབྲེལ་ལུ་ ཐོབ་དབང་ཡོད་པའི་ ངོས་ལེན་འབད་ནུག།
དེ་འབདཝ་ད་ ཁྲིམས་ཁྲི་དང་པའི་ དྲང་དཔོན་ལུང་བསྟན་གྲུབ་འགྱུར་དང་ དྲང་དཔོན་ཚེ་རིང་རྣམ་རྒྱལ་༢ ཀྱིས་ ཞིབ་འཇུག་མཐིལ་ཕྱིན་འབདཝ་ད་ ད་ལྟོ་ འབྲུག་མར་ཁུ་བཀྲམ་སྤེལ་ཁང་གི་ རྒྱབ་ཁར་ཡོད་མི་ གླ་འཁོར་བཞག་སའི་ ས་ཁོངས་དེ་ གཞུང་དབང་ས་ཆ་ངེས་བདེན་ཨིན་པའི་ ཡིད་ཆེས་འདྲོངས་མི་དང་ མངོན་གསལ་ཆེ་བའི་ སྒྲུབ་བྱེད་ཚུ་ བྱུང་མི་ལུ་བརྟེན་ ཁྲོམ་སྡེ་ལས་འཛིན་ལུ་ ས་ཆའི་བདག་དབང་ཡོད་པའི་ ངོས་ལེན་གྲུབ་ནུག།
དྲང་དཔོན་གཉིས་གཉིས་སྦེ་ ཁ་དབྱེ་ཡར་སོང་ཡོདཔ་མ་ཚད་ ཚོགས་རྒྱན་བཙུགསཔ་ད་ཡང་ ཚོགས་རྒྱན་༢ རེ་ བགོ་བཤའ་རྐྱབ་ཡར་སོཔ་ལས་ ཁྲིམས་སྤྱི་ལས་ཚབ་ཀྱིས་ ཡང་བསྐྱར་ཚོགས་རྒྱན་བཙུགས་ནི་གི་ ཐོབ་དབང་བསྟར་སྤྱོད་འབད་མི་ལུ་བརྟེན་ མོང་མོས་ཐོག་ བཀྲིས་ཚོང་འབྲེལ་སྡེ་ཚན་ལུ་ སྤྱོད་དབང་ཡོད་པའི་ འཁྲུན་ཆོད་གནང་ནུག།
དེ་ཡང་ སྤྱི་ལོ་༡༩༧༣ ཟླཝ་༨ པའི་ཚེས་༡༠ ལུ་ ཁྲོམ་དཔོན་དང་ བཀྲིས་ཚོང་འབྲེལ་གྱི་བར་ན་ ཆ་གནས་ཅན་གྱི་ ཡིག་ཐོག་གན་རྒྱ་བཟོ་ཐོག་ལས་ ས་ཚན་ཨང་ཨའི་-༢༢ འོག་ལུ་ ས་ཆ་གྲུ་བཞི་ཕིཊ་༢༡,༧༥༠ ཉོ་བཙོང་འཐབ་ཡོདཔ་བཞིན་དུ་ ས་ཚན་ཨང་ཨེལ་-༡ པའི་ནང་ ས་ཆ་ཕིཊ་གྲུ་བཞི་༥༣,༧༠༨ དང་ ས་ཚན་ཨང་ཨའི་-༢༢ ཅན་མའི་ནང་ ས་ཆ་ཕིཊ་གྲུ་བཞི་༢༡,༧༥༠ བཅས་ ས་ཁག་གཉིསཔོ་ བཀྲིས་ཚོང་འབྲེལ་སྡེ་ཚན་གྱིས་ བདག་དབང་འཛིན་ཆོག་པའི་ ལག་ཁྲམ་སོ་སོར་ སྤྲོད་མི་དང་འཁྲིལ་  ས་ཁྲལ་ཚུ་ ཕུལ་ནུག་ཟེར་ཨིན་པས།
ཐོག་མའི་ཁྲིམས་འདུན་ཚུ་གི་ འཁྲུན་ཆོད་དང་འཁྲིལ་བ་ཅིན་ ས་ཁོངས་དེ་ནང་ བཀྲིས་ཀྱི་མིང་ཐོག་ཁར་ ས་ཚན་ཁག་གཉིས་ཡོད་མི་ལས་ ས་ཚན་ཨང་ཨེལ་-༡ འབད་མིའི་ནང་ ས་ཆ་ཕིཊ་གྲུ་བཞི་༡༦,༨༠༠ ཡོད་མི་དེ་ སྤྱི་ལོ་༡༩༨༤ ལུ་ བསྐྱར་འཇལ་འབད་དེ་ ས་ཐེབས་ས་ཆ་ཕིཊ་གྲུ་བཞི་༣༦,༩༠༨ ཐོན་མི་དེ་ ཁྲིམས་མཐུན་བཟོ་སྟེ་ ས་ཆ་བསྡོམས་ཕིཊ་གྲུ་བཞི་༥༣,༤༥༨ དེ་ བཀྲིས་ཚོང་འབྲེལ་གྱི་ མིང་ཐོ་ལུ་ བཀོད་ཡོདཔ་ཨིན་པས།
དེ་འབདཝ་ད་ ཁྱུ་འབུད་ཀྱི་ འཁྲུན་ཆོད་ནང་ བཀོད་པའི་ནང་གསལ་ སྤྱི་ལོ་༡༩༧༣ གྱི་ ས་ཆའི་བདག་དབང་དང་འཁྲིལཝ་ད་ ས་ཚན་ཨང་ཨེལ་-༡ དང་ ས་ཚན་ཨང་ཨའི་-༢༢ ཅན་མ་གཉིས་བསྡོམས་ཏེ་ ས་ཆ་ཡོངས་བསྡོམས་ཕིཊ་གྲུ་བཞི་༣༨,༥༥༠ འམ་ ཌིསི་༨༩.༤༩༨ ལས་བརྒལ་མེདཔ་ལས་ ས་ཚན་ཨང་ཨེལ་-༡ རྐྱངམ་གཅིག་གི་ ས་རྒྱ་ཕིཊ་གྲུ་བཞི་༥༣,༧༠༨ འབདཝ་ད་ ཨེ་ཀར་༡.༢༢ ཡར་སེང་སོང་མི་དེ་ སྤྱི་ལོ་༡༩༨༤ ལུ་ ས་ཆ་བསྐྱར་འཇལ་སྐབས་ ཁྲོམ་གྱི་འཆར་གཞི་ཚོགས་ཆུང་གིས་ སའི་བཅའ་ཁྲིམས་དང་མ་འཁྲིལ་བར་ ས་ཐེབས་སྤྲོད་པའི་ཁར་ ས་མཚམས་རྡོ་མཚམས་མེད་པའི་ ས་ཆ་ལས་ཡང་ ས་ཐེབས་བཏོན་ཏེ་ ཁྲམ་མོར་བཀོད་པའི་ མངོན་གསལ་བྱུང་ནུག།
བཀྲིས་ཚོང་འབྲེལ་སྡེ་ཚན་གྱི་མིང་ཐོག་ ཁྲིམས་དང་མ་མཐུན་པར་བཀོད་པའི་ ས་ཐེབས་དང་ གཞུང་ས་ལས་ ཐོབ་བརྗོད་བཀོད་མི་དེ་ སྤྱི་ལོ་༡༩༧༣ ལས་ ས་ཚན་ཨང་ཨེལ་-༡ ཅན་མའི་ནང་ ས་ཆ་ཕིཊ་གྲུ་བཞི་༡༦,༨༠༠ དང་ ས་ཚན་ཨང་ཨའི་-༢༢ ནང་ ས་ཆ་ཕིཊ་གྲུ་བཞི་༢༡,༧༥༠ ཅན་མ་དེ་ རང་དབང་བདག་ཏུ་བཟུང་སྟེ་ རང་སོའི་བདག་དབང་སྤྱོད་པའི་ གཏན་འཇགས་ཀྱི་ས་མཚམས་ རྩིག་རྡོ་དང་ལྕགས་ཀྱི་ ར་བ་བསྒོར་ཏེ་ ལག་ལེན་འཐབ་མི་དེ་ མི་རྣམས་ཀུན་གྱི་ མཐོང་ས་ཡོད་པའི་ཁར་ ད་ལྟོ་ཡོད་མི་ མི་མང་གླ་འཁོར་བཞག་སའི་ ས་ཁོངས་འདི་ གཞུང་ས་ངེས་ཏིག་ཨིན་པའི་སྒྲུབ་བྱེད་ དྲང་དཔོན་རང་གཉིས་ཀྱིས་དཔྱདཔ་ད་ ཁྲིམས་སའི་རེ་སྐོང་ཡོངས་སུ་རྫོགས་པར་གྲུབ་ཅི་ཟེར་ ཁྱུ་འབུད་འཁྲུན་ཆོད་ནང་བཀོད་ནུག།
འདི་འབད་བ་ལུ་བརྟེན་ ས་ཚན་ཨང་ཨེལ་-༡ ཅན་མའི་ ས་ཐེབས་དང་  ས་ཚན་ཨང་ཨའི་-༢༢ ཨིན་ལུགས་ བཀོད་མི་དེ་ གཞུང་ས་ནང་ ཧམ་འཛུལ་མ་གཏོགས་ ཐོབ་དབང་ཡོད་པའི་མངོན་རྟགས་ བཀྲིས་ཚོང་འབྲེལ་སྡེ་ཚན་ལས་ མ་ཐོནམ་ལས་ ཁྱུ་འབུད་ཀྱི་འཁྲུན་ཆོད་ ཡིག་ཐོག་ལུ་ བཀོད་དགོཔ་བྱུང་ཡི་ཟེར་བཀོད་ནུག།
འབྲུག་འདི་ སྐོབས་ཚུད་རྒྱལ་ཁབ་ཅིག་ཨིན་པའི་ཁར་ གཞུང་དང་ སྒེར་དབང་གི་ ས་ཆའི་རྒྱ་ཚད་ཡང་ ཆུང་མི་ལུ་བརྟེན་ ས་འདི་ མེད་ཐབས་མེད་པའི་ ནོར་བུ་རིན་པོ་ཆེ་ཅིག་ཨིནམ་ལས་ མི་མང་ཡོངས་ཀྱི་ སྤྱི་སྙོམས་དང་ གང་དྲག་གི་སྒོ་ལས་ སྤྱོད་དགོཔ་བཞིན་དུ་ ལས་སྡེ་ཚུ་གིས་འབད་རུང་ ཁྲིམས་དང་མཐུན་པའི་ འགན་འཁྲི་དང་ མི་མང་གི་ མཐའ་དོན་ལུ་མ་ལྟ་བར་ ཧབ་ཐོབ་ཀྱི་ ས་ཐེབས་སྤྲོད་མིའི་ཐད་ འབྲེལ་ཡོད་ལྷན་ཁག་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ཉེས་འཛུགས་བཀོད་བཀོདཔ་མིན་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁྱུ་འབུད་འཁྲུན་ཆོད་དེ་ བསྟར་སྤྱོད་གྲུབ་ཐབས་མེདཔ་ལས་ འདི་ལུ་ མངོན་མཐོ་ཁྲིམས་འདུན་ལས་ ཆ་བཞག་གྲུབ་ན་མ་བཏོགས་ གནད་དོན་དེ་གི་སྐོར་ སྐབས་བབ་འཁྲུན་ཆོད་འདི་ནང་ དབྱེ་དཔྱད་མཛད་དགོཔ་མེད་པར་ ཐོག་མ་ཁྲིམས་འདུན་ཚུ་ལས་གནང་བའི་ འཁྲུན་ཆོད་དེ་ བསྒྱུར་བཅོས་མཛད་དགོ་པའི་ ཁྱུ་འབུད་ཀྱི་ འཁྲུན་ཆོད་གནངམ་ཨིན་ཟེར་ དྲང་དཔོན་གཉིས་ཀྱིས་ བཀོད་ནུག།
ཁྲོམ་སྡེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ འཁྲུན་ཆོད་ཐ་དད་བཏོན་མི་ལུ་ བསམ་པ་མ་རྫོགས་པའི་ཁར་ ཁྱུ་འབུད་ཀྱི་ འཁྲུན་ཆོད་བཀོད་མི་དེ་གིས་ གཞུང་ས་ངེས་བདེན་ཨིན་པའི་ སྒྲུབ་བྱེད་གསལ་སྟོན་འབདཝ་ལས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནི་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༣ པ་དང་ ཡོངས་ཁྲི་གཉིས་ཆ་ར་གིས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་བཟུང་འབད་དེ་ གླ་འཁོར་བཞག་སའི་ ས་ཁོངས་དེ་ བཀྲིས་ཚོང་འབྲེལ་ལུ་ ཐོབ་དབང་ཡོདཔ་སྦེ་ གྲོས་ཆོད་བཏོན་མི་ལུ་བརྟེན་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཟླ་༨ པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ མཐོ་གཏུགས་ཞུ་མི་དེ་ཡང་ དེ་བསྒང་ མངོན་མཐོ་ཁྲིམས་འདུན་གཞི་བཙུགས་མ་འབད་བར་ཡོད་ནི་དེ་གིས་ ཨིན་པས།
དེ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྩོད་དོན་དེ་ བསྐྱར་ཞིབ་ཐོག་ འཁྲུན་ཆོད་གནང་ནིའི་དོན་ལུ་ ཆེ་མཐོ་ཁྲིམས་འདུན་ལུ་ གནང་ཡོད་པའི་གནས་ཚུལ།




རིག་འཛིན་དབང་ཕྱུག།

No comments:

Post a Comment