ཀུན་གསལ་གྱིས་ ཤེས་དོ་བཟུམ་འབད་བ་ཅིན་ ཀྲོབ་མདའི་མདེའུ་ ལག་པར་ཕོག་མི་ བཙན་ཁྲིདཔ་དེ་ རྒྱལ་ཁབ་༢ ཀྱི་ ས་མཚམས་ཀཝ་གི་ ཉེ་འདབས་ལས་ འཛིན་བཟུང་འབད་ཡོདཔ་ད་ གཞན་མི་ཚུ་ཡང་ འཛིན་བཟུང་འབད་ཚུགས་པའི་ གོ་སྐབས་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ ཁྲིམས་སྲུང་འགག་སྡེའི་ དམག་སྲིད་གོངམ་ ཕུརཔ་རྡོ་རྗེ་ལུ་ འགྲུལ་འཕྲིན་བཏང་བའི་སྐབས་ གནས་ཚུལ་ལས་བྱེདཔ་ཚུ་གིས་ ཁོང་གི་དབྱེ་ཞིབ་ཀྱི་ལཱ་ལུ་ གནོད་པ་རྐྱབ་མས་ཟེར་སླབ་སྟེ་ ག་ཅི་ཡང་ སླབ་མ་བཏུབ།
ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༧ ལུ་ གསར་སྤང་རྫོང་ཁག་ནང་སོང་སྟེ་ དེ་བཟུམ་མའི་ བཙན་ཁྲིད་ཀྱི་གནད་དོན་ཚུ་ རྩ་ལས་ར་ མི་ཐོན་ཟེར་སླབ་མི་ བོ་དོའི་ས་ཁོངས་ཚོགས་སྡེའི་གཙོ་འཛིན་ ཁམ་པ་ བོར་གོ་ཡ་རི་གིས་འབད་བ་ཅིན་ ཨ་ལུ་དེ་དང་ བཙན་ཁྲིད་འབད་མི་ཚུ་ འཚོལ་ཞིབ་འབད་ནིའི་དོན་ལུ་ རྒྱ་གར་གྱི་དམག་མི་ཚུ་ གཞི་བཙུགས་འབད་དེ་ ཡོད་ཟེར་ཨིནམ་ད་ གསར་སྤང་དམག་ཁང་གི་ འབྲུག་པའི་དམག་མི་ཚུ་གིས་ཡང་ རྒྱལ་ཁབ་ཀྱི་ས་མཚམས་ཚུ་ནང་ དབྱེ་ཞིབ་འབད་བའི་བསྒང་ ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ གསར་སྤང་ལུ་སྡོད་མི་ མང་ཤོས་ཅིག་ལུ་ འཇིགས་སྣང་ལང་སྟེ་ཡོདཔ་ད་ རྐྱེན་ངན་དེ་ཡང་ ནང་སྲིད་ལྷན་ཁག་གི་ བཀོད་རྒྱ་ལྟར་དུ་ ས་ཁོངས་ནང་ ཁྲིམས་སྲུང་འགག་པ་ ཧེང་བཀལ་བཙུགས་མི་དང་ ཁམ་པ་ བོར་གོ་ཡ་རི་གིས་ དེ་བཟུམ་མའི་གནད་དོན་ཚུ་ ད་ལས་ཕར་ རྩ་ལས་ར་ མི་ཐོན་ཟེར་ ཁས་བླངས་འབད་བའི་ཤུལ་ལུ་ ཐོན་ཡོདཔ་ཨིན་པས།
མིང་གསང་བཞག་མི་ གསར་སྤང་གི་མི་ཅིག་གིས་ སླབ་མིའི་ནང་ དེ་བསྒང་ ཁོ་ར་ སྣུམ་འཁོར་བཅོ་ཁང་ཅིག་ནང་སྡོད་པའི་སྐབས་ མི་ཚུ་གིས་ བཱམ་བཱམ་ཟེར་ སྐད་རྐྱབ་སར་ གོ་ཡི་ཟེར་ཨིནམ་ད་ ཁོ་གིས་ ལྟ་བའི་བསྒང་ལས་ ཁོ་གི་ཁྱིམ་ཚང་གི་ བུ་དེ་ མཚོན་ཆ་དཔག་ཐོག་ལས་ གཙང་ཆུ་བདའ་སྟེ་ ཁྱིད་འགྱོ་སར་མཐོང་ཡི་ཟེར་ཨིན་པས།
རྐྱེན་ངན་བྱུང་སར་མཐོང་མི་ གཞན་ཅིག་གིས་འབད་བ་ཅིན་ མི་ངན་ཚུ་གིས་ མི་ལུ་མ་ཕོགཔ་སྦེ་ ཀྲོབ་མདའ་རྐྱབ་པའི་སྐབས་ འཇིགས་སྣང་སྦོམ་སྦེ་ར་ ལང་ཡི་ཟེར་ཨིནམ་ད་ བུཚ་དེ་ ཁྱིད་འགྱོ་བའི་བསྒང་ལས་ ཆ་རོགས་ག་ཅི་ཡང་ འབད་མ་ཚུགས་པར་ ཧམ་སྟེ་ སྡོད་དགོཔ་ཐོན་སོ་ཡི་ཟེར་ཨིན་པས།
མི་ངན་སྡེ་ཚན་དེ་གིས་ བུཚ་དེ་ཁྱིད་དེ་ མི་ཊར་༣༠༠ དེ་ཅིག་ནང་ ལྷོད་པའི་བསྒང་ལས་ རྩྭ་ནང་ གཡིབ་སྡོད་མི་ ཕོ་སྐྱེས་༣ ཡང་ཐོན་ཏེ་ གཅིག་ཁར་འགྱོ་སར་ མཐོང་ཡི་ཟེར་ཨིན་པས།
བུཚ་དེ་གི་ཕམ་ གསར་སྤང་བཟའ་ཁང་གི་ ཇོ་བདག་དེ་གིས་ སླབ་མིའི་ནང་ རྐྱེན་ངན་དེ་བྱུང་བའི་སྐབས་ མི་༢ འོང་སྟེ་ ཁོ་གི་ཨ་ལུ་ཚུ་ལུ་ ཨ་པ་དང་ ཨའི་ ག་ཏེ་སོང་ཡི་ཟེར་ དྲི་བའི་སྐབས་ ཨ་ལུ་ཚུ་གིས་ བཟའ་ཁང་ནང་མེད་ཟེར་ སླབ་པའི་ཤུལ་ལུ་ ཆང་བི་ཡར་གནང་ཟེར་སླབ་ད་ ཨ་ལུ་ཚུ་གིས་ ཉིན་མའི་ཆུ་ཚོད་༡ ལས་མ་གཏོགས་བཙོང་ནི་མེད་ཟེར་ སླབ་པའི་ཤུལ་ལུ་ ཀྲོབ་མདའ་དཔག་ཐོག་ལས་ བཙན་ཁྲིད་འབད་ནུག་ཟེར་ཨིན་པས།
དེ་འཕྲོ་ལས་ ཁོ་གི་བུམོ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་ ས་ཤཱསི་ཏ་ར་ སི་མ་ བཱལ་དམག་མི་ཚུ་ལས་ རྒྱབ་སྐྱོར་ལེན་པའི་ཤུལ་ལུ་ མི་ངན་ཚུ་གིས་ གཙང་ཆུ་བརྒལ་སོང་ཡོད་རུང་ དམག་མི་ཚུ་གིས་ ཆུ་བརྒལ་ཏེ་ མ་འགྱོཝ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ གསར་སྤང་རྫོང་བདག་དང་ འབྲེལ་བ་འཐབ་མ་ཚུགས་རུང་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ ས་མཚམས་བདའ་སྟེ་ སྡོད་མི་ཚུ་གིས་ ད་ལས་ཕར་ དྲན་པ་ཐེབས་བཏོན་དགོཔ་ཡོད་ཟེར་ ཨིན་པའི་གནསཚུལ།
ཉི་མ་དབང་འདུས།
No comments:
Post a Comment