སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག། |
དེ་ཡང་ སྤྱི་ཟླ་༡ པའི་ཚེས་༦ དང་༧ ལུ་ གནང་ནི་ཨིན་མི་ དུས་འཁོར་དབང་དེ་ ཧེ་མ་ དགེ་འདུན་པ་ཚུ་ལུ་གནང་ཡོད་རུང་ ཁྲོམ་དབང་སྦེ་ གནང་ནི་ཨིན་མི་དེ་ འགོ་དང་པ་ཨིནམ་ད་ དབང་གི་སྐབས་ལུ་ མི་འབུམ་ཕྲག་ལས་བཅད་དེ་ འཛོམས་ནིའི་གོ་སྐབས་ཡོདཔ་ཨིན་པས།
དུས་འཁོར་དེ་ གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལས་ ཡིད་དམ་གྱི་ ལྷ་གཙོ་བོ་ཅིག་ཨིནམ་ལས་ འབྲུག་པ་བཀའ་བརྒྱུད་ཀྱི་ ཆོས་སྒོར་ཞུགས་མི་ཚུ་གིས་ བདེ་མཆོག་འཁོར་ལོ་སྡོམ་པ་དེ་ ཡིད་དམ་གཙོ་སྦེ་ བརྩི་བཀུར་འབད་དོ་བཟུམ་ དགེ་ལུགས་པའི་རིང་ལུགས་ནང་ དུས་འཁོར་དེ་ ཡིད་དམ་གཙོ་བོ་ཅིག་ཨིནམ་ལས་ མི་མང་ཤོས་ཅིག་གིས་ རྒྱ་གར་རྡོ་རྗེ་གདན་ལུ་སོང་སྟེ་ དབང་ཞུ་དོ་ཡོདཔ་ཨིན་པས།
བཀང་ལུང་བཤད་གྲྭའི་དབུ་འཛིན་ ཀརྨ་རང་གྲོལ་གྱིས་ བཤད་མིའི་ནང་ དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་ལུགས་ལས་ ཡིད་དམ་གཙོ་བོ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པ་ཨིན་རུང་ དུས་འཁོར་ཡང་ ཡིད་དམ་གལ་ཆེ་ཤོས་ཅིག་ཨིནམ་ལས་ ག་ར་གིས་ དབང་ལུང་ཁྲིད་གསུམ་ཐོབ་དགོཔ་ཨིན་པའི་ཁར་ དུས་འཁོར་དེ་ གཙོ་བོ་དཀར་རྩིས་ཀྱི་ ལྷ་གཙོ་ཨིནམ་ལས་ དཀར་རྩིས་ལུ་བརྟེན་ མི་ཚུ་གིས་ ངེས་པར་དུ་ དབང་ལུང་འཐོབ་དགོ་ཟེར་ཨིན་པས།
སྤྱིར་བཏང་རྩིས་ལུ་ དཀར་རྩིས་དང་ནག་རྩིས་ཟེར་༢ ཡོད་མི་ལས་ རྒྱ་གར་ལས་བྱུང་མི་ལུ་ དཀར་རྩིས་ཟེར་ སླབ་དོ་ཡོདཔ་ད་ དེ་ཡང་ ཧེ་མ་རྒྱ་གར་ལུ་ རྒྱ་དཀར་ཟེར་ སླབ་སྲོལ་ཡོད་མི་དེ་ རྒྱ་གར་གྱི་མི་ཚུ་གིས་ རས་གོས་སོགས་ དཀརཔོ་གྱོན་མི་ལས་ རྟ་དྲངས་ཏེ་ དཀར་རྩིས་ཟེར་ སླབ་དོ་ཡོདཔ་ད་ རྒྱ་ནག་རི་བོ་རྩེ་ལྔ་ལུ་ འཕགས་པ་བྱང་ཆུབ་སེམས་དཔའ་ རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་གསུངས་མི་ལུ་ ནག་རྩིས་ཟེར་ཨིན་རུང་ དོན་གྱི་རྙིང་པོ་ལུ་ གཉིས་ཆ་ར་ སངས་རྒྱས་ཀྱི་གསུང་ར་ཨིན་ཟེར་ དབུ་འཛིན་ ཀརྨ་རང་གྲོལ་གྱིས་ བཤདཔ་ཨིན་པས།
དུས་འཁོར་གྱི་ལྷ་ཚོགས་ཡང་ བདེ་མཆོག་འཁོར་ལོ་སྡོམ་པ་བཟུམ་སྦེ་ ཡབ་ལུ་ཞལ་༤ དང་ ཡུམ་ལུ་ཞལ་༡ སྦེ་ ཅོག་འཐདཔ་ཡོད་རུང་ ཕྱག་དང་ཞབས་ལུ་ དབྱེ་བ་ཡོདཔ་ད་ དེ་ཡང་ བདེ་མཆོག་ཡབ་ལུ་ ཕྱག་༢༤ དང་ ཡུམ་ལུ་ཕྱག་༨ ཡོདཔ་མ་ཚད་ ཡུམ་གྱི་ཞབས་༢ གཤམ་ཟེར་ དཔྱངས་ཏེ་ཡོདཔ་ཨིན་པས།
དེ་ལས་ བདེ་མཆོག་ཡུམ་གྱི་ཞབས་དེ་ རྡོ་ལྟབས་ཟེར་ ཡབ་དང་གཅིག་ཁར་ སྦྱར་ཡོད་པའི་ཁར་ མོ་ལུ་ཕྱག་༢ ལས་བརྒལ་ མེདཔ་ཨིན་པས།
ཁ་ཙ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དབང་ཞུ་མི་ཚུ་ལུ་ གསུངས་མིའི་ནང་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པ་ཨིན་རུང་ དུས་འཁོར་ཨིན་རུང་ ངོ་མ་ སེམས་ཀྱི་རང་བཞིན་ཨིནམ་ལས་ ངོ་ཤེས་མི་ཚུ་གིས་ སངས་རྒྱས་ཀྱི་རྣམ་པ་སྦེ་ མཇལ་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ ལྷ་ཡབ་ཡུམ་གྱི་རྣམ་པ་ཡོད་མི་ཡང་ ཡབ་དེ་ ཐབས་དང་ ཡུམ་ཤེས་རབ་ཨིནམ་ལས་ དེ་གཉིས་སྦྱོར་བའི་སྐབས་ བདེ་སྟོང་ཟུང་འཇུག་ཟེར་ སྟོང་ཉིད་དང་སྙིང་རྗེ་ཨིནམ་ལས་ ཡབ་དང་ཡུམ་གྱི་རྣམ་པ་དེ་ འཇིག་རྟེན་པའི་སྣང་བ་ལུ་འབད་བ་ཅིན་ ཕོ་ལུ་དཔའ་བོ་དང་ མོ་ལུ་དཔའ་མོ་ཟེར་མི་དེ་ཨིནམ་ལས་ ག་ར་གིས་ ལྷ་དང་ རང་གི་སེམས་ངོ་གཅིག་ཨིནམ་ ཤེས་དགོ་ཟེར་ཨིན་པས།
དུས་འཁོར་དབང་ཆེན་ཞུ་བའི་ ཕན་ཡོན་དེ་ རབ་བྱུང་པ་ཅིན་ ཚེ་གཅིག་ལུས་ཅིག་ལུ་ སངས་རྒྱས་ནི་དང་ དེ་མེན་ དུས་འཁོར་གྱི་ལྷ་ཚོགས་མཇལ་ཏེ་ རང་གི་རྒྱུད་ལུ་ཡོད་པའི་ བར་ཆད་བསལ་ནི་དང་ དབང་ཐང་རླུང་རྟ་ཚུ་ དར་ནིའི་ཕན་པ་ཡོད་ཟེར་ བཀང་ལུང་བཤད་གྲྭའི་དབུ་འཛིན་ ཀརྨ་རང་གྲོལ་གྱིས་ བཤདཔ་ཨིན་པའི་གནས་ཚུལ།
སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment