གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མི་ཚུ་ལུ་ ཁང་གླ་རུ་པི་ནང་སྤྲོད་དགོ་པའི་དཀའ་ངལ།


ཡེ་ཤེས་སྒྲོལ་མ།

ད་རིས་ཀྱི་ ཟླཝ་ནང་ལས་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཁང་གླ་ཚུ་ རྒྱ་གར་གྱི་ཏི་རུ་ རུ་པི་རྐྱངམ་གཅིག་ ལེན་ནི་ཨིན་ཟེར་ སླབ་མི་ལུ་བརྟེན་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་སྡོད་མི་ འབྲུག་མི་ཚུ་ ཁང་གླ་ག་དེ་སྦེ་ སྤྲོད་ནི་ཨིན་ན་ཟེར་ སྤྱགས་སྡུག་འཐབ་སྟེ་ཡོདཔ་ཨིན་པས།

འབྲུག་མི་ལ་ལུ་ཅིག་གིས་འབད་བ་ཅིན་ ཁྱིམ་གྱི་ཇོ་བདག་ལ་ལུ་ཅིག་གིས་ སྤྱི་ཟླ་༣ པའི་ཁང་གླ་དེ་ དངུལ་ཀྲམ་ནང་ ལེན་བཏུབ་དོ་ཡོདཔ་ཨིན་རུང་ སྤྱི་ཟླ་༤ པ་ལས་ རུ་པི་ནང་ སྤྲོད་ནི་ཨིན་ཟེར་ ཁར་གླར་སྡོད་མིའི་ ཁ་ཐུག་ལས་ ཁས་ལེན་འབད་བའི་ཤུལ་ལུ་རྐྱངམ་གཅིག་ འདས་པའི་ཟླཝ་གི་ ཁང་གླ་དེ་ དངུལ་ཀྲམ་ནང་ ངོས་ལེན་འབད་ཡི་ཟེར་ཨིན་པས།
ཁྱིམ་གྱི་ཇོ་བདག་ཚུ་གིས་ འབྲུག་མི་ཚུ་ལས་ ཁང་གླ་དང་ གློག་མེ་ ཆུའི་སྤྱོད་འཐུས་ཚུ་ རུ་པི་ནང་ སྤྲོད་དགོཔ་སྦེ་ སླབ་མས་ཟེར་ བཤདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༨ ལས་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ དཀའ་ངལ་ཐོན་པའི་ཤུལ་ལུ་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་ རུ་པི་འཛིན་སྐྱོང་འཐབ་ནིའི་ནང་ དཀའ་ངལ་བྱུང་སྟེ་ཡོདཔ་མ་ཚད་ ཚོད་བསྲེ་ཉོ་ནིའི་དོན་ལུ་ཡང་ རུ་པི་དགོ་ནི་དེ་གིས་ ཧེ་མ་ལས་ ངོ་ཤེས་མི་ ཚོང་པ་ཚུ་གིས་ ཨ་ཙི་རེ་ ཆ་རོགས་འབད་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༣༢ ལང་མི་ ཀརྨ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཇའི་སྒང་གི་ ཁྲོམ་ཁ་ལས་ ཆུམ་དང་ཚོད་བསྲེ་ག་ཅི་ར་ཉོ་རུང་ རུ་པི་ནང་ སྤྲོད་དགོཔ་སྦེ་ སླབ་མས་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ རུ་པི་མེད་ཟེར་ སླབ་པ་ཅིན་ དེ་འཕྲོ་ལས་ གོང་ཚད་ཡར་སེང་རྐྱབ་མས་ཟེར་ཨིན་པས།
འབྲུག་མི་ཚུ་ ཕུན་ཚོགས་གླིང་ཁྲོམ་ལས་ ཇའི་སྒང་གི་ཁྲོམ་བརྒལ་ཏེ་ དུས་ཡུན་སྐར་མ་༡༠ ལས་༢༠ གི་བར་ན་ འགྱོ་དགོ་པའི་ས་གནས་ མང་ལ་བཱ་རི་དང་ ཇར་ན་ ཇུམ་བཱ་ དིའོ་ཀོ་ཊ་ལོལ་ཚུ་ནང་ སྡོད་དོ་ཡོདཔ་ད་ ཁོང་གིས་ ཟླ་རིམ་ཁང་གླ་དངུལ་ཀྲམ་༡,༠༠༠ ལས་༥,༠༠༠ གི་བར་ན་ སྤྲོད་དོ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ཁྲོམ་སྡེ་ལས་འཛིན་གྱིས་ སྤྱི་ལོ་༢༠༠༩ ལུ་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ ཇའི་སྒང་གི་ ས་གནས་ནང་ འབྲུག་མི་༡,༠༠༠ ལྷགཔ་ཅིག་ སྡོད་མི་ཡོད་ཟེར་ཨིན་པས། 
ཨིན་རུང་ ཇའི་སྒང་ལུ་ སྡོད་མི་ཚུ་གིས་འབད་བ་ཅིན་ ཟླཝ་འདི་གི་ ཁང་གླ་སྤྲོད་ནིའི་དོན་ལུ་ བདུན་ཕྲག་༡ གི་ དུས་ཚོད་ཡོདཔ་ལས་ ག་ཏེ་ལས་འབད་རུང་ རུ་པི་འཚོལ་ཏེ་ སྤྲོད་དགོ་ཟེར་ སླབ་ཨིན་པའི་ནས་ཚུལ།

No comments:

Post a Comment