ཉི་མ་དབང་འདུས།
༉ ལོ་ངོ་དག་པ་ཅིག་་གི་ཧེ་མ་ལས་ འབྲུག་གི་ འགྲུལ་འཕྲིན་ཨང་གྲངས་ཚུ་ རྒྱ་གར་རྒྱལ་ཁབ་ནང་ཡང་ རྒྱ་གར་གྱི་འགྲུལ་འཕྲིན་ཞབས་ཏོག་ལས་སྡེ་ ཨཱེར་ཊཱེལ་གུ་ མཐུད་འབྲེལ་ཐོག་ ལག་ལེན་ཚུགསཔ་སྦེ་ བཟོ་ཡོདཔ་ཨིན་རུང་ ད་རེས་ རོ་མིང་འཐུས་ཚུ་ མར་ཕབ་རྐྱབ་ཡོདཔ་ལས་ རྒྱ་གར་རྒྱལ་ཁབ་ནང་ འཕྲལ་འཕྲལ་སྦེ་ར་ འགྱོ་དགོཔ་ཐོན་མི་ཚུ་ལུ་ གནས་ཚུལ་བཟང་པོ་ཅིག་ཨིན་པས།
དེ་ཡང་ ཧེ་མ་འབད་བ་ཅིན་ རྒྱ་གར་རྒྱལ་ཁབ་ནང་ལས་ བི་མོ་བཱ་ཡེལ་གྱི་ཨང་གྲངས་ཚུ་ ལག་ལེན་འཐབ་པའི་སྐབས་ འབྲུག་གིས་རྩིས་པའི་ ཕྱིའི་རྒྱལ་ཁབ་ཚུ་ནང་ འགྲུལ་འཕྲིན་བཏངམ་ད་ དུས་ཡུན་སྐར་མ་རེ་ལུ་ དངུལ་ཀྲམ་༩༩ ཕོག་མི་དེ་ ད་རེས་༣༧ ལུ་ མར་ཕབ་འབད་ཡོདཔ་ད་ རྒྱ་གར་རྒྱལ་ཁབ་ནང་འཁོད་ཀྱི་ མངའ་སྡེ་སོ་སོ་ཚུ་ནང་ འགྲུལ་འཕྲིན་བཏང་བའི་སྐབས་ སྐར་མ་རེ་ལུ་ འཐུས་དངུལ་ཀྲམ་༤༩ འབད་མི་དེ་༡༥ ལུ་ མར་ཕབ་འབད་ནུག།
རྒྱ་གར་རྒྱལ་ཁབ་ནང་ ཕྱི་ལས་འོང་བའི་ འགྲུལ་འཕྲིན་འཐུ་བའི་སྐབས་ རོ་མིང་ཁྲལ་ སྐར་མ་༡ ལུ་ དངུལ་ཀྲམ་༧༥ འབད་མི་དེ་ ད་རེས་ རིན་མེད་སྟོང་པ་བཟོ་ཡོདཔ་ད་ ཧེ་མ་ རྒྱ་གར་རྒྱལ་ཁབ་ནང་ལས་ ཕྱིའི་རྒྱལ་ཁབ་ནང་ འཕྲིན་ཡིག་ཚུ་བཏང་བའི་སྐབས་ དངུལ་ཀྲམ་༢༠ ཕོག་མི་དེ་ ད་ལས་ཕར་ དངུལ་ཀྲམ་༡༥ ཕོགཔ་ནི་ཨིན་པས།
དེ་བཟུམ་སྦེ་ ཇི་པི་ཨར་ཨེསི་ ཡོངས་འབྲེལ་ཨིན་ཊར་ནེཊ་གི་ཞབས་ཏོག་ཚུ་གི་དོན་ལུ་ཡང་ རོ་མིང་གི་ཁྲལ་ཚུ་ མར་ཕབ་འབད་ཡོདཔ་ད་ མར་ཕབ་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡ ལས་ འགོ་བཙུགས་ཡོདཔ་ཨིན་པས།
ལས་འཛིན་གྱི་ འགྲུལ་འཕྲིན་སྡེ་ཚན་ལས་ རོ་མིང་འགོ་འདྲེན་པ་ ཀུན་ལེགས་གཡང་འཛོམས་ཀྱིས་འབད་བ་ཅིན་ དེ་བཟུམ་མའི་ རོ་མིང་གི་ཞབས་ཏོག་དེ་ ཁྲལ་ཚུ་ ཤུལ་ལས་བཏབ་བཏུབ་པའི་ པཱོསི་པེཌ་ སིམ་ཀཱཌ་ལག་ལེན་འཐབ་མི་ཚུ་ རྐྱངམ་གཅིག་གིས་ སྤྱོད་ཚུགས་ཟེར་ཨིནམ་ད་ དེ་བཟུམ་མའི་ ཁྲལ་ཕབ་ཆ་འབད་དགོ་མི་དེ་ཡང་ གཙོ་བོ་ར་ ལས་འཛིན་གྱིས་ ཚོང་མགྲོན་པ་ཚུ་ལུ་ བྱ་སྟབས་བདེ་ཏོག་ཏོ་ བཟོ་ནི་གིས་མ་ཚད་ མི་གཞན་གྱིས་ཡང་ ལས་འཛིན་གྱི་ ཞབས་ཏོག་ལེན་ནི་ལུ་ སེམས་ཤུགས་ བསྐྱེད་བཅུག་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ དེ་གིས་མ་ཚད་ རྒྱལ་ཁབ་གཞན་ཚུ་དང་ཕྱདཔ་ད་ རོ་མིང་གི་ཁྲལ་དེ་ རྒྱ་གར་རྒྱལ་ཁབ་ནང་ མཐོ་དྲགས་ཅིག་སྦེ་ར་ ཕོག་དོ་ཡོདཔ་ལས་ ད་རེས་ ཁྲལ་མར་ཕབ་འབད་མི་དེ་གིས་ འབྲུག་མི་ དམིགས་བསལ་ཚོང་པ་ཚུ་ལུ་ ཕན་ཐོགས་བྱུང་འོང་ཟེར་ཨིནམ་ད་ ཞབས་ཏོག་དེ་ཡང་ རྒྱ་གར་རྒྱལ་ཁབ་ནང་ འགྲུལ་འཕྲིན་གྱི་ཞབས་ཏོག་ལས་སྡེ་ སྦོམ་ཤོས་ཅིག་ཨིན་མི་ ཨཱེར་ཊཱེལ་དང་གཅིག་ཁར་ འཆིངས་ཡིག་ཅིག་ བཟོ་མི་དང་འཁྲིལ་ཏེ་ཨིན་པས།
རོ་མིང་ཞབས་ཏོག་ལེན་ནི་ལུ་ དང་འདོད་ཡོད་མི་ཚུ་གིས་ ཧེ་མ་ར་ པཱོསི་པཱེཌ་སིམ་ཉོ་བའི་ཤུལ་ལུ་ འབྲུག་བརྒྱུད་འཕྲིན་ལུ་ ཉེན་སྲུང་གི་གཙུག་བཞག་ དངུལ་ཀྲམ་༡༠,༠༠༠ སྤྲོད་པའི་སྐབས་ ལས་འཛིན་གྱིས་ རོ་མིང་གི་ཞབས་ཏོག་དེ་བཙུགས་བྱིན་ནི་ཨིན་པས།
འགོ་དཔོན་ཚུ་གིས་སླབ་མིའི་ནང་ ཞབས་ཏོག་དེ་ ཚར་ཅིག་ལེན་པའི་ཤུལ་ལུ་ ལག་ལེན་མ་འཐབ་པར་བཞག་རུང་ ཁེ་མེདཔ་མ་ཚད་ གལ་སྲིད་ ཞབས་ཏོག་དེ་ ཆ་མེད་གཏང་བའི་སྐབས་ལུ་ ཉེན་སྲུང་གི་དངུལ་བཙུགས་བཞག་དེ་ཡང་ ལོན་བྱིནམ་ཨིན་ཟེར་ཨིན་པས།
ཀུན་ལེགས་གཡང་འཛོམས་ཀྱིས་འབད་བ་ཅིན་ ད་ལྟོ་ཚུན་ལུ་ འབྲུག་མི་ཚུ་ འཕྲལ་འཕྲལ་སྦེ་ར་འགྱོ་དོ་ཡོད་པའི་ རྒྱལ་ཁབ་༡༥༣ གྱི་ནང་ རོ་མིང་གི་ ཞབས་ཏོག་དེ་ འགོ་བཙུགས་ཏེ་ཡོདཔ་ད་ དེ་ནང་ ཨཱཕ་གཱ་ནིསི་ཏཱན་གྱིས་རྩིས་པའི་ ཨེ་ཤི་ཡཱན་རྒྱལ་ཁབ་ མང་ཤོས་ཅིག་ ཚུདཔ་ཨིན་པས།
ཞབས་ཏོག་དེ་བྱིན་ནི་ལུ་ འབྲུག་གི་ ཨཱེར་ཊཱེལ་ལས་སྡེ་ལུ་ འཐུས་སྤྲོད་དོ་ཟེར་ཨིནམ་ད་ ཞབས་ཏོག་དེ་ལུ་བརྟེན་ འབྲུག་པའི་མི་ཚུ་ རྒྱལ་ཁབ་ག་ཏེ་ ཡོདཔ་ཨིན་ནའི་སྐོར་ལས་ ཤེས་ཚུགས་ཟེར་ ཀུན་ལེགས་གཡང་འཛོམས་ཀྱིས་ སླབ་ཨིན་པའི་གནས་ཚུལ།
No comments:
Post a Comment