ཏ་ཝང་ལས་ སྒོམ་ཕུག་སྐོར་རའི་ ཚེས་བཅུ་མཇལ་མིའི་གྱངས་ཁ་དེ་ སང་ཕོད་ལས་ ལོག་ལྟབ་སྦེ་ ཡར་སེང་འགྱོ་ནི་ཨིན་མི་དེ་ཡང་ ནང་འཁོད་ཀྱི་ སྣུམ་འཁོར་ལམ་ཚུ་ ས་མཚམས་ཀྱི་ སྦོ་ལོགས་ཁར་ ལྷོད་ནི་དེ་གིས་ཨིན་པས།
![]() |
སྒོམ་ཕུག་སྐོར་རའི་ ཚེས་བཅུ་སྐབས་ཀྱི་མཐོང་སྣང་། |
༉ དུས་ཅི་ བཀྲིས་གཡང་རྩེ་ སྒོམ་ཕུག་སྐོར་ར་གི་ ཚེས་བཅུའི་སྐབས་ལུ་ རྒྱ་གར་ཨ་རུ་ན་ཅཱལ་པར་དེཤ་གི་ས་གནས་ ཏ་ཝང་ལས་ ཚེས་བཅུ་མཇལ་མི་༣,༠༠༠ ལྷགཔ་ཅིག་ འཛོམས་ཡོདཔ་ཨིན་པས།
འདས་པའི་ལོ་དང་ཕྱདཔ་ད་ དུས་ཅི་ ཏ་ཝང་ལས་ ཚེས་བཅུ་མཇལ་མི་ བརྒྱ་ཆ་༧༥ ལྷགཔ་ཅིག་ འཛོམས་མི་ལུ་བལྟཝ་ད་ མི་གྲངས་༡༥,༠༠༠ ལྷགཔ་ཅིག་ ཐེབས་ལྷོད་ཡོདཔ་ཨིན་པས།
སྒོམ་ཕུག་སྐོར་ར་ལྷ་ཁང་གི་ ཉེ་འདབས་ལུ་དང་ གཞུང་ལམ་གྱི་ ལྟག་ལས་ཕར་ ཚེས་བཅུ་མཇལ་མི་ཚུ་གིས་ གུར་༡༢༠ ལྷགཔ་ཅིག་ སྤུབས་ཡོདཔ་ཨིན་པས།
ཏ་ཝང་ འཇིགས་མེད་ཐང་ལས་ སྐལ་བཟང་གྲགས་པ་གིས་ སླབ་མིའི་ནང་ དུས་ཅི་ ཏ་ཝང་ལས་ བཀྲིས་གཡང་རྩེ་ སྒོམ་ཕུག་སྐོར་ར་ལུ་ ཚེས་བཅུ་མཇལ་བར་འོང་མིའི་ གྱངས་ཁ་དེ་ མཐོ་ཤོས་ཅིག་ཨིན་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
སྐལ་བཟང་གྲགས་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚེས་བཅུའི་སྐབས་ལུ་ ཚོང་ཁང་བཙུགས་མི་ཚུ་མ་གཏོགས་ གཞན་གུར་སྤུབས་མི་ བརྒྱ་ཆ་༩༠ དེ་ཅིག་ ཏ་ཝང་གི་ མི་ཚུ་ཨིན་མས་ཟེར་ཨིན་པས།
སྒོམ་ཕུག་སྐོར་ར་གི་ མཐའ་འཁོར་ལུ་ཡོད་པའི་ བྱག་ཕུག་ཆུང་ཀུ་ཚུ་ནང་སྡོད་མི་ ཏ་ཝང་གི་ དད་ཅན་ཚུ་གི་གྲངས་སུ་ ཕོ་སྐྱེས་དང་ ཨམ་སྲུ་ དེ་ལས་ ཐ་ན་ སྐྱེས་ལོ་༧ མན་ཆད་འབད་མི་ ཨ་ལུ་ཚུ་ཡང་ ཡོདཔ་ཨིན་པས།
ཏ་ཝང་ལས་ སྒོམ་ཕུག་སྐོར་ར་ལུ་ ཚེས་བཅུ་མཇལ་བར་འོང་མི་ཚུ་ མང་ཤོས་ར་ ཧའུ་དང་ ལཱུམ་ལ་ དོང་མ་རེང་ དེ་ལས་ ཁོ་བེ་ལེ་སྟེང་ལས་ཨིནམ་ད་ ཏ་ཝང་ལུ་ ཡོངས་གྲགས་ལུ་ བོམ་ལྡི་ལ་ཟེར་མི་ ཤར་ཕྱོགས་ཀི་མིང་རྫོང་ཁག་ལས་ཡང་ དད་ཅན་བརྒྱ་ཕྲག་ལས་བཅད་དེ་ འཛོམས་ཡོདཔ་ཨིན་པས།
ཏ་ཝང་གི་ བཟའ་སྤྱོད་དང་བཀྲམ་སྤེལ་ལྟ་རྟོག་པ་ ངག་དབང་ཚེ་རིང་གིས སླབ་མིའི་ནང་ དུས་ཅི་ ཏ་ཝང་ལས་ ཨ་རྟག་དང་ཕྱདཔ་ད་ སྒོམ་ཕུག་སྐོར་རའི་ ཚེས་བཅུ་མཇལ་མིའི་གྱངས་ཁ་ ལེ་ཤ་གིས་ ཡར་སེང་འགྱོ་དགོ་མི་དེ་ཡང་ ཏ་ཝང་གི་ ས་མཚམས་ས་གནས་ བ་ལའི་ཏེང་ཚུན་ འཁོར་ལམ་གསརཔ་ མཐུད་སྦྲེལ་འབད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཏ་ཝང་གི་ མི་ཚུ་གིས་ སླབ་མིའི་ནང་ སང་ཕོད་ལས་ སྒོམ་ཕུག་སྐོར་རའི་ ཚེས་བཅུ་མཇལ་མིའི་གྱངས་ཁ་ ལོག་ལྟབ་སྦེ་ ཡར་སེང་འགྱོ་ནི་ཨིན་མི་དེ་ཡང་ ནང་འཁོད་ཀྱི་ སྣུམ་འཁོར་ལམ་ཚུ་ ས་མཚམས་ཀྱི་ སྦོ་ལོགས་ཁར་ ལྷོད་ནི་དེ་གིས་ཨིན་ཟེར་ ཨིན་པའི་གནས་ཚུལ།
No comments:
Post a Comment