གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བ་སོ་ཆུའི་གློག་མེ་ཐོན་སྐྱེད་ རྒྱ་གར་ལུ་ཚོང་འབྲེལ་གྱི་འོས་འབབ།


བསམ་གཏན་ཡེ་ཤེས།

བ་སོ་ཆུ་གློག་མེ་འཕྲུལ་ཁང་གི་ གློག་མེའི་ནུས་ཤུགས་ཐོན་སྐྱེད་ཚུ་  ནུས་ཤུགས་ལས་ཁུངས་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ རྒྱ་གར་ལུ་ཚོང་འབྲེལ་འཐབ་ནི་གི་ འོས་འབབ་ཚུ་དབྱེ་ཞིབ་འབད་དོ་ཡོདཔ་ལས་ ད་ལྟོ་རྒྱལ་ཁབ་ནང་འཁོད་རྐྱངམ་གཅིག་ནང་ལག་ལེན་འཐབ་མི་ནུས་ཤུགས་དེ་ རྒྱ་གར་རྒྱལ་ཁབ་ནང་ཚོང་འབྲེལ་གྱི་གཞི་གནས་ཅིག་ལུ་འགྱུར་ཚུགས་པའི་འོས་འབབ་ཡོདཔ་ཨིན་པས།

དེ་ཡང་ འབྲུག་རྒྱལ་ཁབ་ནང་ རྒྱ་གར་གྱི་དངུལ་ལོར་རུ་པི་མ་ལངས་པའི་ དཀའ་ངལ་གྱི་གནས་སྟངས་འདི་ནང་ ཚོང་འབྲེལ་གྱི་འཆར་གཞིའི་འོས་འབབ་ལྟ་རྟོག་འབད་མི་ལུ་བརྟེན་ གཞུང་གིས་ནུས་ཤུགས་ཚོང་འབྲེལ་འཐབ་ཐོག་ལས་ རུ་པི་མཁོ་སྒྲུབ་འབད་ནི་གི་ རེ་བ་དང་མཐུན་པའི་འཆར་གཞི་ཅིག་ཨིན་པའི་ གསལ་སྟོན་འབདཝ་ཨིན་པས།
གློག་མེའི་ཐོན་ཤུགས་ མེ་ག་ཝཊི་༦༠ འབད་མི་ བ་སོ་ཆུ་གློག་མེ་འཕྲུལ་ཁང་དེ་ ཨཱསི་ཊེ་རི་ཡ་གཞུང་གིས་ རྒྱབ་སྐྱོར་ཐོག་ བཟོ་སྐྲུན་འབད་ཡོདཔ་ད་ འཕྲུལ་ཁང་ནང་ལས་ཐོན་མིའི་ནུས་ཤུགས་ཚུ་ རྒྱལ་ཁབ་ནང་འཁོད་ལུ་རྐྱངམ་གཅིག་ ལག་ལེན་འཐབ་ནི་སྦེ་ ཆ་འཇོག་འབད་ཡོདཔ་ཨིན་པས།
ད་ལྟོ་བྱུང་བཞིན་དུ་ཡོད་པའི་གནས་སྟངས་དང་བསྟུན་ སྲིད་བྱུས་བསྒྱུར་བཅོས་འབད་ཐོག་ལས་ མ་འོངས་ཡུན་བརྟན་དང་འབྲེལ་བའི་རུ་པིའི་དཀའ་ངལ་སེལ་ཐབས་ལུ་ འཕྲུལ་ཁང་གི་ནུས་ཤུགས་ཐོན་སྐྱེད་རྒྱ་གར་ལུ་ ཚོང་འབྲེལ་འཐབ་ནི་གི་དོན་ལུ་ འོས་ལྡན་དབྱེ་དཔྱད་ཚུ་འབདཝ་ཨིན་པས།
ནུས་ཤུགས་ལས་ཁུངས་ཀྱི་ཡོངས་ཁྱབ་མདོ་ཆེན་ ཡེ་ཤེས་དབང་འདུས་ཀྱིས་བཤད་མིའི་ནང་ གློག་མེ་འཕྲུལ་ཁང་ནང་ལས་ཐོན་པའི་གློག་ཤུགས་མེ་ག་ཝཊི་༦༠ དེ་ཅིག་མ་གཏོགས་མེད་རུང་ གལ་སྲིད་རྒྱ་གར་རྒྱལ་ཁབ་ནང་ཚོང་འབྲེལ་འཐབ་ཚུགས་པ་ཅིན་ ལོ་བསྟར་བཞིན་དུ་ ནུས་ཤུགས་ཐོན་སྐྱེད་ལུ་བརྟེན་ རུ་པི་དུང་ཕྱུར་༡.༥ དེ་རེ་ མཁོ་སྒྲུབ་འབད་ཚུགས་པའི་འོས་འབབ་ཡོད་ཟེར་ཨིན་པས།
ཚོང་འབྲེལ་གྲོས་འཆར་འདི་གི་ཐོག་ལུ་ ཡང་བསྐྱར་དུ་ ཞིབ་འཚོལ་དང་ འོས་འབབ་དབྱེ་ཞིབ་ཚུ་མཐིལ་ཕྱིན་འབད་དགོཔ་ཡོདཔ་མ་ཚད་ ཁྲིམས་དོན་དང་འབྲེལ་བའི་སྙན་ཞུ་ཚུ་ཡང་ འོས་ལྡན་བཟོ་དགོཔ་ཡོད་པའི་ཁར་ ནུས་ཤུགས་ཚོང་འབྲེལ་འཐབ་ནིའི་དོན་ལུ་ རྒྱ་གར་ནུས་ཤུགས་ཚོང་འབྲེལ་གྱི་འཐུས་མིའི་གྲས་ཁར་ཡང་ ཚུད་དགོཔ་ཡོད་ཟེར་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་སླབ་མིའི་ནང་ རྒྱ་གར་ལུ་འདི་བཟུམ་གྱི་ནུས་ཤུགས་ཀྱི་ཚོང་འབྲེལ་འཐབ་ནི་དེ་གསརཔ་ཅིག་ཨིནམ་ད་ ནུས་ཤུགས་ཀྱི་ཚོང་འབྲེལ་དེ་ བགོ་བཤའ་ཉོ་བཙོང་གི་ཚོང་འབྲེལ་ལམ་ལུགས་དང་ ཆ་འདྲཝ་སྦེ་ ཡོད་པའི་ཁར་ ཉོ་མི་ག་དེ་སྦེ་འོང་ག་ཡང་མ་ཤེསཔ་ལས་ ཚོང་འབྲེལ་དེ་ ཉེན་ཁ་ཅན་ཅིག་ཨིན་རུང་ ད་རེས་རྒྱ་གར་རྒྱལ་ཁབ་ནང་ གློག་མེའི་ནུས་ཤུགས་ཉོ་བཙོང་གི་ཚོང་འབྲེལ་དེ་ གོང་འཕེལ་འགྱོ་བའི་བསྒང་ར་འདུག་ཟེར་ཨིན་པས།
ནུས་ཤུགས་ཚོང་འབྲེལ་ནང་ ཉོ་མི་དང་བཙོང་མི་གིས་ ཁོང་རའི་མོས་མཐུན་ལུ་གོང་ཚད་བཟོ་ཞིནམ་ལས་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་རུང་ རྒྱལ་ཁབ་ལ་ལུ་ནང་ དབང་འཛིན་ཚུ་གིས་ཚོང་མགྲོན་པའི་དབང་ཆ་བདག་སྲུང་གི་དོན་ལུ་ བར་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་མི་ཡང་ཡོད་ཟེར་ཨིན་པས།
འབྲུག་ལུ་གློག་མེ་ལས་འགུལ་གཞན་ཚུ་ ཐད་ཀར་དུ་ རྒྱ་གར་གཞུང་གི་ རྒྱབ་སྐྱོར་མ་དངུལ་ཐོག་ལུ་ གཞི་བཙུགས་འབད་ཡོདཔ་ལས་ དེ་ཚུ་གཞུང་༢ ཀྱི་བར་ན་ ཆིངས་ཡིག་གུ་མཚན་རྟགས་བཀོད་ཡོད་པའི་ དོན་ཚན་ཚུ་དང་འཁྲིལ་ ལས་འགུལ་ནང་ལས་ཐོན་པའི་ གློག་མེ་ནུས་ཤུགས་དེ་ རྒྱ་གར་གཞུང་ལུ་མ་གཏོགས་ བཙོང་མ་ཆོགཔ་འབད་ཡོདཔ་ཨིན་པས།
ནུས་ཤུགས་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་སླབ་མིའི་ནང་ ནུས་ཤུགས་ཉོ་བཙོང་གི་ཚོང་འབྲེལ་ནང་ གློག་མེ་ཐོན་སྐྱེད་བཙོང་ཚུགས་པ་ཅིན་ རྒྱ་གར་གཞུང་ལུ་ བཙོང་མིའི་ གོང་ཚད་དང་ཕྱདཔ་ད་ ལོག་ལྟབ་ཀྱིས་ འོང་འབབ་སྦོམ་འདུག་ཟེར་ཨིན་པས།
དབང་འདུས་ཕོ་བྲང་རྫོང་ཁག་འོག་གི་ བ་སོ་ཆུ་གློག་མེ་འཕྲུལ་ཁང་དེ་ ཨསི་ཊེ་ལི་ཡའི་རྒྱབ་སྐྱོར་ཐོག་ལས་བཟོ་སྐྲུན་འབདའབདཝ་ཨིནམ་ལས་ རྒྱ་གར་སྒེར་སྡེ་གི་ བཟོ་གྲྭ་ཚུ་ནང་ བཙོང་ཆོག་ནི་ཨིན་པས།
བ་སོ་ཆུའི་ གློག་མེ་དེ་ རྒྱ་གར་ལུ་བཙོང་པ་ཅིན་ ནང་འཁོད་གློག་མེའི་དོན་ལུ་ འཕྲུལ་ཁང་གཞན་མི་ཚུ་ནང་ལས་ བཀྲམ་སྤེལ་འབད་འོང་ཟེར་ཨིནམ་ད་ གློག་མེ་ལས་འགུལ་ཚུ་དང་ འབྲེལ་བའི་ གློག་རྒྱུན་སྦྲེལ་མཐུད་ཀྱི་ ལཱ་ཚུ་འབད་དོ་ཡོདཔ་ལས་ དཀའ་ངལ་མི་འབྱུང་ནི་ཨིན་པའི་ཁར་ རྒྱ་གར་ལུ་ བཙོང་ནིའི་དོན་ལུ་ཡང་ སྦྲེལ་མཐུད་ཀྱི་རྒྱུན་ལམ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་དང་རྒྱ་གར་གྱི་ གློག་མེ་ལས་སྡེ་ཚུ་གི་བར་ན་ མཉམ་འབྲེལ་ལས་འགུལ་ཐོག་ གཞི་བཙུགས་འབད་ནི་ཨིན་མི་ གློག་མེ་འཕྲུལ་ཁང་ཚུ་ནང་ལས་ཡང་ བརྒྱ་ཆ་༣༠ རྒྱ་གར་གྱི་ ནུས་ཤུགས་ཉོ་བཙོང་གི་ ཚོང་འབྲེལ་ནང་ བཙོང་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
མཉམ་འབྲེལ་གློག་མེ་ལས་འགུལ་ནང་ལས་ ཐོན་སྐྱེད་བྱུང་མི་ ནུས་ཤུགས་བརྒྱ་ཆ་༧༠ དེ་ ཆིངས་ཡིག་ནང་བཀོད་མི་ལྟར་དུ་ འབད་དགོཔ་ཨིན་རུང་ བརྒྱ་ཆ་༣༠ དེ་ འབྲུག་གིས་ག་དེ་སྦེ་ལག་ལེན་འཐབ་རུང་འཐབ་ཆོགཔ་ལས་ གོང་ཚད་ལེགས་ཤོམ་ཡོད་པའི་ རྒྱ་གར་གྱི་ནུས་ཤུགས་ཉོ་བཙོང་ཚོང་འབྲེལ་ནང་ བཙུགས་ཐོག་ལས་ འོང་འབབ་སྦོམ་བཟོ་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིན་པས།
ནུས་ཤུགས་ཚོང་འབྲེལ་གྱི་ འཆར་གཞི་གཉིས་པ་དེ་ མཐར་འཁྱོལ་བྱུང་པ་ཅིན་ འབྲུག་ལུ་ རུ་པི་མ་ལང་པའི་དཀའ་ངལ་ཚུ་ཡང་ ཧ་ལམ་བསལ་ཚུགས་པའི་ འོས་འབབ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment