ཡེ་ཤེས་སྒྲོལ་མ།
༉ ཧཱ་རྫོང་ཁག་ནང་ ན་ཧིང་ སྤྱི་ཟླ་༩ པའི་ཚེས་༡༨ ལུ་ ས་ཡོམ་གྱིས་ གནོད་སྐྱོན་རྐྱབ་ཡོད་མི་ ལ་ལུ་ཅིག་ ད་ལྟོ་ཡང་ ཁྱིམ་རྐྱབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ད་ཚུན་གྱི་བར་ན་ གཞུང་གི་ཐུག་ལས་གྲོགས་རམ་སྦེ་ གནང་ཡོད་མི་ ལྕགས་ཤོག་ཚུ་ མ་ཐོབ་པར་ཡོད་མི་ཚུ་ཡང་ འདས་པའི་བདུན་ཕྲག་ནང་ལས་ ལྕགས་ཤོག་ཚུ་ མ་ཚང་ཚངམ་སྦེ་ ཐོབ་ཡོདཔ་ཨིན་པས།
ས་ཡོམ་གྱིས་ གནོད་སྐྱོན་རྐྱབ་ཡོད་མི་ཚུ་ དབྱེ་བ་ཁག་༣ སྦེ་ ཕྱེ་སྟེ་ཡོད་མིའི་ནང་ལས་ དབྱེ་རིམ་༣ པའི་ནང་ ཚུད་མི་ཚུ་གིས་ ལྕགས་ཤོག་ལེབ་གྲངས་༥༩ རེ་ཐོབ་ཡོདཔ་ད་ དེ་བཟུམ་སྦེ་ དབྱེ་རིམ་༢ པའི་ནང་ ཚུད་མི་ཚུ་གིས་ ལྕགས་ཤོག་༢༣ རེ་ ཐོབ་ཡོདཔ་ཨིན་པས།
སྦྱིས་རྒེད་འོག་ནང་ལས་ སྐྱེས་ལོ་༢༩ ལང་མི་ ཚེ་རིང་དཔལ་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་གིས་ དུས་ཅི་ ཁྱིམ་རྐྱབ་ནིའི་ལཱ་ འགོ་བཙུགས་ཚུགས་པར་ ལཱ་ཁག་གཏང་ནི་མས་ཟེར་ཨིན་པས།
གཞུང་གི་ ཁ་ཐུག་ལས་གནང་ཡོད་མི་ ལྕགས་ཤོག་གི་ གྲོགས་རམ་དེ་ སྤྱི་ཟླ་༣ པ་ལས་བརྒལ་ མ་ཐོབ་ཟེར་ཨིནམ་ད་ སྤྱི་ཟླ་༤ དང་༥ པའི་ནང་ལས་ གཡུས་ཁར་ཡོད་མི་ ཨམ་སྲུ་ཚུ་ སྤ་རོ་ལུ་ ལྕང་ལཱ་རྐྱབ་པར་ འགྱོ་བའི་བསྒང་ལས་ གཡུས་ཁར་ལས་མི་ ཐོབ་ཚུགས་པར་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིནམ་མ་ཚད་ ཤིང་ཚུ་ཡང་ གྲ་སྒྲིག་འབད་འབདཝ་མེད་ཟེར་ཨིན་པས།
ཚེ་རིང་དཔལ་མོ་གིས་ རང་ལུགས་ཀྱི་ ཁྱིམ་ཐོག་ཚད་༢ འབད་མི་ཅིག་ རྐྱབ་ནི་ཨིནམ་ད་ དེ་ཡང་ སྤྱི་ཟླ་༦ པ་ལས་ འགོ་བཙུག་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
རང་ལུགས་ཀྱི་ ཁྱིམ་ཐོག་གཉིས་སྦེ་ རྐྱབ་ནིའི་དོན་ལུ་ ཉུང་ཤོས་ཟླཝ་༣ དེ་ཅིག་ འགོར་དོ་ཡོདཔ་ཨིན་པས།
རྟ་ལུང་གཡུས་ཚན་ནང་ལས་ དབང་ཕྱུག་གིས་ སྤྱི་ཟླ་༡ པའི་ནང་ལས་ ཁྱིམ་རྐྱབ་ནི་ འགོ་བཙུགས་ཡོདཔ་ཨིན་རུང་ ཁྱིམ་ལཱ་དེ་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་ནི་བཟུམ་ཅིག་ མི་མཐོང་མས་ཟེར་ཨིན་པས།
མ་གཞི་ ཁྱིམ་རྐྱབ་སྟེ་ ཕྱེད་ཁར་ ལྷོད་ཡོད་དེ་འབད་རུང་ སྤྱི་ཟླ་༤ དང་༥ པའི་ནང་ལས་ གཡུས་ཁའི་ཨམ་སྲུ་ཚུ་ ལྕང་ལཱ་རྐྱབ་པར་ འགྱོ་དོ་ཡོདཔ་མ་ཚད་ གཡུས་ཁར་སྡོད་མི་ཚུ་ རང་གི་ཞིང་ཁར་ ལོ་ཐོག་བཏབ་པའི་དུས་ཚོད་ཨིནམ་ལས་ ལས་མི་ཚུ་ མི་ཐོབ་ནི་མས་ཟེར་ དབང་ཕྱུག་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཧེ་མ་ མི་གཞན་གྱི་ ལཱ་འབད་བའི་སྐབས་ རང་གི་ཆ་རོགས་འབད་འབདཝ་ ཡོད་ནི་དེ་གི་ ཁོང་གི་ ཉིནམ་༢ དང་༣ རེ་ཆ་རོགས་འབད་མར་འོང་ནི་དེ་གིས་ ཕན་ཐོགས་པས་ཟེར་ཨིན་པས།
ད་ལྟོ་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ འུར་བྱེལ་དེ་གིས་ཡང་ དཀའ་ངལ་དུམ་གྲ་ཅིག་ འཐོན་ནི་བཟུམ་ཅིག་ མཐོངམ་མས་ཟེར་ཨིནམ་ད་ ས་མཚམས་ཀྱི་ ཁྲོམ་ཁ་ལས་ ཅ་ཆས་ཚུ་ ཉོ་བའི་སྐབས་ལུ་ གོང་ཚད་དུམ་གྲ་ཅིག་ ཁེ་བས་ཟེར་ཨིན་པས།
མ་གཞི་ རང་ལུགས་ཀྱི་ ཁྱིམ་རྐྱབ་པའི་སྐབས་ལུ་ ཤིང་དང་ ས་ དེ་ལས་ རྡོ་ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ཆབ་གསང་དང་ ཆུ་ དེ་ལས་ གློག་མེའི་དོན་དུ་ ཅ་ཆས་ཚུ་ ཉོ་བའི་སྐབས་ རུ་པི་དེ་ དགོ་ནི་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ འབྲུག་པའི་ཚོང་པ་ཚུ་གིས་ ས་མཚམས་ཁྲོམ་ཁ་ལས་ ཅ་ཆས་ཉོ་བའི་སྐབས་ དངུལ་ཀྲམ་སྤྲོདཔ་ད་ བཏུབ་དོ་ཡོདཔ་ཨིན་རུང་ འཕྲལ་ཁམས་ཅིག་ལས་ རུ་པི་མ་ལང་པའི་དཀའ་ངལ་དེ་གིས་ ས་མཚམས་ཀྱི་ ཚོང་པ་ཚུ་གིས་ དངུལ་ཀྲམ་༡༠ གྱི་ ཅ་ལ་ཉོ་རུང་ རུ་པི་དགོ་ཟེར་སླབ་ད་ དཀའ་ངལ་དུམ་གྲ་ཅིག་ འཐོན་ནི་མས་ཟེར་ དབང་ཕྱུག་གིས་ བཤདཔ་ཨིན་པའི་གནས་ཚུལ།
No comments:
Post a Comment