ཉི་མ་དབང་འདུས།
༉ འབྲུག་རྒྱུ་ནོར་གཞི་བཟུང་གི་འཆར་གཞི་ བཟོ་སྦྱོར་གྱི་བཟོ་གྲྭ་འཕྲུལ་ཁང་གསརཔ་༡༠ གཞི་བཙུགས་འབད་ནིའི་ལས་རིམ་ཡོད་མི་ཚུ་ ཚུལ་མཐུན་སྦེ་ ལག་ལེན་འཐབ་ཚུགས་པ་ཅིན་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ གོང་འཕེལ་སྦོམ་འགྱོ་ཚུགས་ནི་ཨིན་པས།
ཁ་ཙ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཞལ་འཛོམས་ཁང་ནང་སྦེ་ འབྲུག་པའི་ བཟོ་གྲྭ་འཕྲུལ་ཁང་གི་ ཇོ་བདག་ཚུ་ལུ་ ལས་སྡེ་གིས་ བཟོ་སྦྱོར་ཁང་གཞི་བཙུགས་འབད་ནིའི་ འཆར་གཞི་ཚུ་གི་གནད་དོན་སྐོར་ལས་གསལ་སྟོན་འབད་བའི་ཁར་ བཟོ་སྦྱོར་འཕྲུལ་ཁང་ཚུ་ལུ་བརྟེན་པའི་ཁེ་ཕན་དང་ ས་ཆའི་དགོས་མཁོ་ཚུ་གི་སྐོར་ལས་ཡང་གྲོས་བསྡུར་འབད་ཡི།
འཆར་གཞིའི་ནང་གསལ་བཀོད་འབད་མི་དང་འཁྲིལཝ་ད་ པདྨ་དགའ་ཚལ་ ངང་ལམ་ལུ་ སྒྲིང་ཁྱིམ་བཟོ་སྐྲུན་གྱི་དོན་ལུ་ ལག་ལེན་འཐབ་བཏུབ་པའི་ ཨཱོ་ཊོ་ཀེ་ལེབཌི་ ཨེ་རེ་ཊེཌ་ རྩི་སའི་ཀཱན་ཀི་རིཊ་ སྲབ་ལེབ་བོ་ལཱོགསི་ བཟོ་སྦྱོར་ཁང་དང་ རྩི་ས་ལུ་བརྟེན་པའི་ བཟོ་བཀོད་ཀྱི་བཟོ་གྲྭ་ཁང་ དེ་ལས་ སྐྱེ་ལྡན་ལྟ་བཤལ་ཚུ་གཞི་བཙུགས་འབད་ནི་ཨིན་པས།
བཟོ་གྲྭ་ཁང་ཚུ་གི་དོན་ལུ་ ལག་ལེན་འཐབ་དགོ་པའི་ དགོས་མཁོ་ལྡན་པའི་རྒྱུ་དངོས་ཚུ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་ལས་ ཐོན་དོ་ཡོདཔ་མ་ཚད་ ཐོན་སྐྱེད་ཚུ་ཚོང་འབྲེལ་འཐབ་སའི་ ས་གནས་ཀྱི་ཉེ་འདབས་ལུ་འབད་ནི་དེ་གིས་ བཟོ་གྲྭའི་བཟོ་སྦྱོར་ཁང་མང་ཤོས་ཅིག་ རྫོང་ཁག་འདི་ནང་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
དེ་ཡང་ ཌོ་ལོ་མའེཊ་དང་འབྲེལ་བའི་ ཐོན་སྐྱེད་བཟོ་སྦྱོར་འཕྲུལ་ཁང་དང་ ཤིང་འབྲས་རྩི་ཤིང་གི་ཁུ་བ་ ས་གཏེར་ཇིབ་སམ་དང་འབྲེལ་བའི་ བཟོ་སྦྱོར་འཕྲུལ་ཁང་ གེ་ཟའི་ཕྱེ་ལུ་བརྟེན་པའི་ ཐོན་སྐྱེད་བཟོ་སྦྱོར་འཕྲུལ་ཁང་ སི་ལི་ཀཱོན་ ཀཱར་ཝའིཌ་གི་ཐོན་སྐྱེད་བཟོ་སྦྱོར་ཁང་ དེ་ལས་ ཤིང་ཆས་བཟོ་གྲྭ་ཁང་ཚུ་ཨིན་པས།
བཀྲིས་གཡང་རྩེ་རྫོང་ཁག་ནང་ཡང་ ཁྲོམ་སྡེ་གོང་འཕེལ་དང་འབྲེལ་བའི་ རྒྱུན་སྐྱོང་ཉམས་བཅོས་ཀྱི་བཟོ་གྲྭ་ཁང་ཅིག་ཡང་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
གྲོས་བསྡུར་ཞལ་འཛོམས་ཀྱི་སྐབས་ལུ་ བཟོ་གྲྭ་ཁང་ ས་ཁོངས་དེ་ཚུ་ནང་ གཞི་བཙུགས་འབད་དགོ་པའི་ དམིགས་ཡུལ་དང་ ཟད་འགྲོའི་ཚོད་རྩིས་ དེ་ལས་ གྲོང་གསེབ་མི་སྡེ་ལུ་ ལཱ་གཡོག་གི་གོ་སྐབས་ཚུ་ ག་དེ་སྦེ་ར་བྱིན་ཚུགས་ནི་ཨིན་ནའི་སྐོར་ལས་ཡང་ བཤད་ཡོདཔ་ཨིན།
འབྲུག་རྒྱུ་ནོར་གཞི་བཟུང་ཡིག་ཚང་ནང་ལས་ པ་སངས་རྡོ་རྗེ་གིས་འབད་བ་ཅིན་ བཟོ་སྦྱོར་འཕྲུལ་ཁང་གསརཔ་ཚུ་ གཞི་བཙུགས་འབདཝ་ད་ སྒེར་སྡེ་ཚུ་གིས་ དང་འདོད་བསྐྱེད་པ་ཅིན་ མཉམ་འབྲེལ་ཐོག་ལས་ འབད་ནི་ཨིན་རུང་ གལ་སྲིད་ སྒེར་སྡེ་ལུ་ དང་འདོད་མེད་པ་ཅིན་ འབྲུག་རྒྱུ་ནོར་གཞི་བཟུང་གིས་གཞི་བཙུགས་འབད་ནི་ཨིན་ཟེར་ཨིན་པས།
འཆར་གཞིའི་སྐོར་ལས་ གསལ་བཤད་འབད་བའི་སྐབས་ དེ་བཟུམ་མའི་ བཟོ་སྦྱོར་འཕྲུལ་ཁང་ གཞི་བཙུགས་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ འབྲུག་ནང་འཁོད་ལས་ ས་གཏེར་དང་འབྲེལ་བའི་ བཟོ་བཅོས་མ་འབད་མི་ རྒྱུ་ཆས་ལེ་ཤ་ཅིག་ར་ ཐོན་དོ་ཡོདཔ་ཨིན་རུང་ ད་ཚུན་ལུ་ ཐོན་སྐྱེད་ཚུ་བཟོ་སྦྱོར་འབད་སའི་ འཕྲུལ་ཁང་ཚུ་ མེད་མི་ལུ་བརྟེན་ རང་བཞིན་རྒྱུ་ཆའི་ཐོག་ལུ་འབད་རང་ ཕྱིར་ཚོང་འཐབ་དོ་ཡོདཔ་ལས་ ད་རེས་གཞི་བཙུགས་འབད་ནི་ཨིན་མི་ བཟོ་སྦྱོར་འཕྲུལ་ཁང་ཚུ་ལུ་བརྟེན་ ཧེ་མ་དང་ཕྱདཔ་ད་ ཁེ་སང་ལེགས་ཤོམ་ བཟོ་ཚུགས་ནི་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
འགོ་དཔོན་ཅིག་གིས་ གསལ་བཤད་འབད་མི་དང་འཁྲིལཝ་ད་ ད་ལྟོའི་གནས་སྟངས་ནང་བཟུམ་ཅིག་འབད་བ་ཅིན་ བཀྲིས་སྒང་དང་ མོང་སྒར་ པདྨ་དགའ་ཚལ་ དེ་ལས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཚུ་ནང་ ལོ་རེ་ལུ་ རག་རྩིས་ ལོ་ཐོ་གེ་ཟ་མེ་ཊིག་ཊཱོན་༦༠,༠༠༠ དེ་རེ་གི་རྩིས་ ཐོན་སྐྱེད་ཚུ་ཡོདཔ་ཨིན་རུང་ ཐོན་སྐྱེད་ཚུ་ གེ་ཟ་སྲིབ་དང་ ཆང་ དེ་ལས་ ལྟོ་གི་དོན་ལུ་ བཟའ་སྤྱོད་འབད་ནི་མ་གཏོགས་ ཐོན་སྐྱེད་ཚུ་གཞན་གྱི་དོན་ལུ་བཟོ་སྦྱོར་འབད་ནི་མིན་འདུག་ཟེར་ཨིནམ་ད་ བཟོ་སྦྱོར་འཕྲུལ་ཁང་གཞི་བཙུགས་འབད་བའི་བསྒང་ལས་ གེ་ཟའི་ཐོན་སྐྱེད་མ་འདྲཝ་གཞན་ལེ་ཤ་ཅིག་རང་བཟོ་ཚུགས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་ཁར་དང་ པདྨ་དགའ་ཚལ་ནང་ལུ་ ཚལ་ལུའི་ཐོན་སྐྱེད་བརྒྱ་ཆ་༧༥ དེ་རེ་ ཐོན་དོ་ཡོདཔ་ཨིན་རུང་ བཟོ་སྦྱོར་འཕྲུལ་ཁང་ཚུ་ མེད་མི་ལུ་བརྟེན་ཏེ་ ཐད་ཀར་དུ་ཕྱིར་ཚོང་འཐབ་སྟེ་ སྡོད་ནུག་ཟེར་ཨིན་པས།
བཟོ་གྲྭ་འཕྲུལ་ཁང་ཚུ་ག་ར་ གཞི་བཙུགས་འབད་ཚར་བའི་བསྒང་ལས་ ལཱ་གཡོག་གི་གོ་སྐབས་མི་གྲངས་༤,༤༢༥ དེ་ཅིག་ བྱིན་ཚུགས་ནི་ཨིན་ས་ལས་ མཐོ་ཤོས་དེ་ པདྨ་དགའ་ཚལ་གྱི་ སྐྱེ་ལྡན་ལྟ་བཤལ་ནང་༣༡༥ དང་ དམའ་ཤོས་དེ་ བསམ་གྲུབ་ལྗོངས་མཁར་གྱི་ སི་ལི་ཀཱོན་ ཀཱར་ཝའིཊ་ བཟོ་སྦྱོར་འཕྲུལ་ཁང་ནང་མི་གྲངས་༢༥ འོང་ནི་ཨིན་པས།
རྒྱལ་ཁབ་ནང་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ ལྷགཔ་ཅིག་གི་ཐོན་སྐྱེད་བཟོ་ནིའི་ འཆར་གཞི་ཚུ་ཡོདཔ་ལས་ མ་འོངས་པར་ གློག་ཤུགས་མ་ལང་པའི་ དཀའ་ངལ་ཚུ་ཡང་མི་ཐོན་ཟེར་ ལས་སྡེའི་ འགོ་དཔོན་ཅིག་གིས་བཤདཔ་ཨིན་པས།
ལས་འགུལ་ཚུ་གཞི་བཙུགས་འབད་ནིའི་དོན་ལུ་ འོས་འབབ་ཀྱི་ བལྟ་ཞིབ་འབད་དགོཔ་ཡོདཔ་ལས་ ལས་འགུལ་༢ ཀྱི་དོན་ལུ་ ཞིབ་འཚོལ་གྱི་ལཱ་ཚུ་ མགྱོགས་པ་ར་ འགོ་བཙུག་ནི་ཨིན་པའི་གནས་ཚུལ།
No comments:
Post a Comment