རྫོང་ཁག་ཁྲིམས་འདུན་༡༩ གི་ གཞུང་འཁོར་ཚུ་ ལོ་༡༢ ལང་ཡོདཔ་ལས་ ཐུག་རྐྱེན་འབྱུང་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ དྲང་དཔོན་ཚུ་གིས་ སླབ་ཨིན་པས།
ཀྲོང་གསར་ཁྲིམས་འདུན་གྱི་ གཞུང་འཁོར་དེ་ ས་གནས་དབང་འདུས་སྒང་ ལུ་ལྷོདཔ་ད་ གདོང་ཁའི་གྱིབ་འཁོར་ཅིག་ ཐོན་ཡར་སོཔ་ལས་ ལམ་འོག་གི་ ཡུར་ཟམ་ལུ་ ཐོགས་ལུས་པའི་ མཐོང་སྣང་། |
རིག་འཛིན་དབང་ཕྱུག།
༉ འབྲུག་གཞུང་གིས་ རྒྱ་གར་གྱི་ཏི་རུ་ རུ་པི་ཕྱི་ཁར་འགྱོ་ནི་ལས་ དམ་འཛིན་འབད་ཐབས་ལུ་ སྣུམ་འཁོར་གྱི་ ཁྲལ་མཐོ་དྲགས་ཡར་སེང་འབད་ནི་དང་ སྣུམ་འཁོར་སྐྱིན་འགྲུལ་གྱི་ སྐྱེད་ཚད་ཡར་སེང་རྐྱབ་ནི་ཨིན་པའི་སྐོར་ལས་ གསལ་བསྒྲགས་གནང་སྟེ་ ཉིནམ་༡ གི་རྒྱབ་ལས་ ཁ་ཙ་ རྒྱལ་ཡོངས་དྲང་དཔོན་ལྷན་ཚོགས་ཀྱི་ ཞལ་འཛོམས་མཇུག་བསྡུའི་ནང་ དྲང་དཔོན་ཚུ་ལུ་ སྣུམ་འཁོར་གསརཔ་ མཁོ་སྒྲུབ་འབད་དགོ་པའི་ གྲོས་བསྡུར་བྱུང་ཡི།
དེ་ཡང་ ལྷུན་རྩེ་མ་གཏོགས་ རྫོང་ཁག་ཁྲིམས་འདུན་༡༩ གྱི་ དྲང་དཔོན་ཚུ་གི་ སྒྲིག་གཡོག་གཞུང་འཁོར་པ་ར་ཌོ་ཚུ་ མང་ཤོས་ར་ ལོ་ངོ་༡༢ ལྷག་སོ་མི་ལུ་བརྟེན་ ཐུག་རྐྱེན་འབྱུང་ནི་གི་ ཉེན་ཁ་ཡོདཔ་ལས་ གསརཔ་སོར་གནང་དགོ་པའི་ གྲོས་འཆར་ཕུལ་ཡོདཔ་ད་ གཞུང་འཁོར་ལ་ལུ་ཅིག་ རྙིངམ་ཐལ་དྲགས་ནི་དེ་གིས་ ལམ་འགྱོ་བའི་བར་ན་ གདོང་ཁའི་གྱིབ་འཁོར་ཐོན་སོང་མི་ལུ་བརྟེན་ རྐྱེན་ངན་ཚུ་ བྱུང་ཡོདཔ་ཨིན་པས།
དཔྱེ་འབད་བ་ཅིན འདས་པའི་ཟླཝ་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ གཞལམ་སྒང་ལུ་ སྨོན་ལམ་ཆེན་མོ་གནང་པར་བྱོནམ་ད་ ཀྲོང་གསར་གྱི་ དྲང་དཔོན་དེ་ ཞབས་སྐྱེལ་ལུ་སོང་སྟེ་ ལོག་འོང་པའི་སྐབས་ ས་གནས་དབང་འདུས་སྒང་ལུ་ལྷོདཔ་ད་ ཁོ་གི་སྒྲིག་གཡོག་སྣུམ་འཁོར་པ་ར་ཌོའི་ གདོང་ཁའི་གྱིབ་འཁོར་ཅིག་ ཐོན་ཡར་སོཔ་ལས་ ལམ་འོག་ལུ་ རྦོལ་རིལ་འགྱོཝ་ད་ ཡུར་ཟམ་གུ་ཕོག་སྟེ་ ཐོགས་ལུས་ཡོདཔ་ཨིན་པས།
ལམ་འོག་ལུ་ ཡུར་ཟམ་ཀཱལ་བཱཊ་མེདཔ་འདྲཝ་འབད་བ་ཅིན་ སྣུམ་འཁོར་དེ་ ལམ་འོག་ལས་མར་ རྦོབ་རིལ་ཡར་སོཔ་འོང་ནི་དང་ ཁོང་གི་ ཚེ་སྲོག་ལུ་ཡང་ གནོད་ཉེན་བྱུང་བྱུངམ་འོང་ཟེར་ ཀྲོང་གསར་དྲང་དཔོན་ བཀྲིས་རྡོ་གིས་ ཁ་ཙ་ དྲང་གཔོན་ཚུ་གི་ གཞུང་འཁོར་རྙིངམ་ཐལ་མི་ཚུ་གི་ཚབ་ལུ་ གསར་མཁོ་སྒྲུབ་གནང་དགོ་པའི་ གསུང་གྲོས་གནངམ་ད་ གྲོས་འཆར་ཞུ་ཡི།
དེ་བཟུམ་མའི་ བྱུང་རྐྱེན་དེ་ ཀྲོང་གསར་རྐྱངམ་གཅིག་གིས་མ་ཚད་པར་ མགར་ས་དང་ སྤ་རོ་ ཆུ་ཁའི་དྲང་དཔོན་ཚུ་གི་ སྒྲིག་གཡོག་གཞུང་འཁོར་ཚུ་གི་ གྱིབ་འཁོར་ཚུ་ཡང་ ཐོན་སོང་པའི་ དཀའ་ངལ་བྱུང་ཡོདཔ་ཨིན་པས།
གྲོས་བསྡུར་གྱི་དོན་ལུ་ ཀྲོང་གསར་ཁྲིམས་འདུན་གྱིས་ གྲོས་འཆར་ཕུལ་མིའི་ནང་ རྫོང་ཁག་སོ་སོའི་ དྲང་དཔོན་ཚུ་ རྩོད་བཤེར་གྱི་ གནད་དོན་ལུ་བརྟེན་ ས་གནས་ཁག་སོ་སོའི་ནང་ ཞིབ་དཔྱད་འབད་བར་འགྱོ་དགོཔ་ མང་རབས་ཅིག་ ཐོན་དང་འཐོན་བཞིན་དུ་ཡོད་རུང་ སྒྲིག་གཡོག་གི་ སྣུམ་འཁོར་ཚུ་ ཧ་ཅང་གིས་ རྙིངམ་ཐལ་སོཔ་ལས་ ཐུག་རྐྱེན་ཤོར་ནིའི་ ཉེན་ཁ་སྦོམ་ཡོདཔ་ལས་ སྣུམ་འཁོར་སོར་གནང་དགོཔ་འདུག་ཟེར་བཀོད་ནུག།
དྲང་དཔོན་ལ་ལུ་གིས་འབད་བ་ཅིན་ ལོ་ངོ་༢ ཀྱི་ཧེ་མར་ ལྷུན་རྩེའི་དྲང་དཔོན་དེ་ ཐིམ་ཕུ་ལུ་འོངམ་ད་ ས་གནས་མན་ཌལ་སྒང་གི་ སྦོ་ལོགས་ཁར་ སྣུམ་འཁོར་རྦོལ་རིལ་སོ་མི་དེ་ཡང་ སྣུམ་འཁོར་རྙིངམ་ཐལ་ནི་དེ་གིས་ འཕྲུལ་ཆས་ཀྱི་ དཀའ་ངལ་ལུ་བརྟེན་ རྐྱེན་ངན་བྱུང་པའི་ དོགས་པ་ཡོད་ཟེར་ཨིནམ་ད་ ཐུག་རྐྱེན་ནང་ དྲང་དཔོན་དེ་ ཁ་འཐུམ་སར་ ཤི་སོཔ་ཨིན་པས།
ད་རེས་ནངས་པ་ ལྷུན་རྩེ་རྫོང་ཁག་ཁྲིམས་འདུན་ལུ་ གཞུང་འཁོར་སཱན་ཏ་ཕི་ཅིག་ མཁོ་སྤྲོད་འབད་དེ་ཡོདཔ་ཨིན་པས།
ད་རུང་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ རྫོང་ཁག་དེ་ནང་ ཁྲིམས་ཁྲི་༥ ཡོདཔ་མ་ཚད་ ཁྲིམས་ཁྲི་༢ པ་དེ་ ས་གོ་གཅིག་ནང་མེན་པར་ ཐག་རིང་སར་ཡོད་མི་ལུ་བརྟེན་ ཡིག་ཆ་ཕར་ཚུལ་སྐྱེལ་འདྲེན་འབད་ནིའི་དོན་ལུ་ བྱ་སྟབས་མ་བདེཝ་ཡོདཔ་ལས་ སྤྱི་རུབ་གཞུང་འཁོར་གློག་ཤུགས་འགྲུལ་འཁོར་༡ དགོ་པའི་ གྲོས་འཆར་ཕུལ་ཡོདཔ་མ་ཚད་ དྲུང་ཁག་ཚུ་གིས་ཡང་ གཞུང་འཁོར་ངེས་པ་དུ་ གནང་དགོ་པའི་ ཞུ་བ་ཕུལ་མི་དང་བསྟུན་ འབྲུག་གི་ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ཁོ་ར་དང་ དེ་མིན་རུང་ རྒྱལ་ཡོངས་ཁྲིམས་སྡེ་ལས་གཡོག་ཚོགས་སྡེ་གིས་སྦེ་ བློན་ཆེན་མཆོག་ལུ་ གཞུང་འཁོར་གསརཔ་མཁོ་སྒྲུབ་གནང་དགོ་པའི་ གྲོས་འདེབས་ཕུལ་ནི་སྦེ་ ཁས་ལེན་གྲུབ་གནང་ཡི།
དེ་བཟུམ་སྦེ་ ཁྲིམས་འདུན་ཚུ་གིས་ ཁྲིམས་སྡེའི་ལས་བྱེདཔ་ཚུ་ལུ་ གཞུང་གི་ལས་སྡེ་གཞན་ཚུ་ནང་ ཐོབ་སྲོལ་ཡོད་མི་ དཀའ་འཐུས་སམ་ ཉེན་ཁ་ཅན་གྱི་འཐུས་དང་ དྲང་རབ་ཚུ་ལུ་ ཁང་གླའི་མཐུན་རྐྱེན་ཚུ་གི་ ཐོབ་ལམ་ཡོདཔ་ བཟོ་གནང་དགོ་པའི་ གྲོས་འཆར་ཕུལ་མི་དེ་ཡང་ དྲང་དཔོན་ལྷན་ཚོགས་ཀྱི་ ཞལ་འཛོམས་ནང་ གཞུང་ལུ་ གྲོས་འདེབས་ཕུལ་ནི་སྦེ་ གྲོས་ཐག་བཅད་ཡི།
དེ་མ་ཚད་ ད་ལས་ཕར་ ཁྲིམས་གཏུགས་པ་ཚུ་གི་ དུས་ཚོད་དང་ ཟད་འགྲོའི་ཕན་ཐབས་ལུ་ ཁྲིམས་སྡེ་གིས་ རྩོད་བཤེར་ཚུ་ གློག་རིག་ཡིག་འགྲུལ་ཐོག་ལས་ འགོ་བཙུག་ནི་སྦེ་ གྲོས་འཆམ་བྱུང་ཡོདཔ་ད་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་མཆོག་གིས་ ཀུན་གསལ་ལུ་ གསུངས་མིའི་ནང་ གློག་རིག་ཐོག་གི་ རྩོད་བཤེར་འབད་ནི་ཚུ་ ཟླཝ་༢ དེ་ཅིག་གི་ཤུལ་ལས་ ཐིམ་ཕུ་རྫོང་ཁག་དང་ ཆེ་མཐོ་ཁྲིམས་འདུན་ལས་སྦེ་ འགོ་བཙུག་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ལོ་ངོ་༢ ཀྱི་བར་ན་ཚར་རེ་འཚོགས་མི་ དྲང་དཔོན་ལྷན་ཚོགས་ཀྱི་ ཞལ་འཛོམས་ནང་ མངོན་མཐོ་ཁྲིམས་འདུན་དང་ ཆེ་མཐོ་ཁྲིམས་འདུན་ རྫོང་ཁག་དང་ དྲུང་ཁག་ཁྲིམས་འདུན་ཚུ་གི་ དྲང་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།
No comments:
Post a Comment