ཁྲིམས་འདུན་ལ་ལུ་གིས་ འཁྲུན་ཆོད་བཏོནམ་ཅིག་ ཉེས་ཅན་དེ་ ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་ནི་ཡོད་རུང་ ལ་ལུ་གིས་ ཞག་གྲངས་༡༠ ནང་ མཐོ་གཏུགས་མ་འབད་ཅིན་རྐྱངམ་གཅིག་ བཙོན་ནང་བཙུགཔ་ཨིན་པས།
རིག་འཛིན་དབང་ཕྱུག།
༉ ད་ལས་ཕར་ ངན་ལྷད་དང་འབྲེལ་བའི་ ཉེས་འཛུགས་འབད་མི་ཚུ་ ཐོག་མའི་ཁྲིམས་འདུན་ལས་ ཐེ་ཚོམ་དང་གྲོལ་བའི་ སྒྲུབ་བྱེད་ཀྱི་ མངོན་རྟགས་བྱུང་མི་དང་འཁྲིལ་ བཙོན་ཁྲིམས་ཀྱི་ འཁྲུན་ཆོད་གནངམ་དང་གཅིག་ཁར་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་ནི་ཨིན་པས།
དེ་ཡང་ ཁ་ཙ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ད་ལྟོ་ གནང་བཞིན་དུ་ཡོད་མི་ རྒྱལ་ཡོངས་དྲང་དཔོན་ལྷན་ཚོགས་ཀྱི་ ཞལ་འཛོམས་ནང་ ངན་ལྷད་ཀྱི་ ཉེས་ཁྲིམས་ཕོག་མི་ ལ་ལུ་ཅིག་ བཙོན་ཁང་ནང་ མ་བཙུགས་པར་ བཞག་མི་དང་ ལ་ལུ་ཅིག་ བཙོན་ཁང་ནང་ བཙུགས་དོ་ཡོདཔ་ལས་ གཅིག་མཚུངས་མིན་འདུག་ཟེར་ སླབ་མི་དང་འཁྲིལ་ ད་ལས་ཕར་ ཐོག་མའི་ཁྲིམས་འདུན་ཆ་མཉམ་གྱིས་ ཁྲིམས་གཅིག་མཚུངས་སྦེ་ བསྟར་སྤྱོད་འབད་དགོ་པའི་ གྲོས་འཆམ་བྱུང་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལྷན་འཛིན་ཅིག་གིས་ སླབ་མིའི་ནང་ ཁྲིམས་འདུན་ལ་ལུ་ཅིག་གིས་ འཁྲུན་ཆོད་བཏོནམ་ཅིག་ ཉེས་ཅན་དེ་ བཙོན་ནང་བཙུགསཔ་ཨིན་རུང་ གཞན་ཚུ་གིས་ མཐོ་གཏུགས་འབད་ནི་གི་ ཞག་གྲངས་༡༠ མ་ཚང་ཚུན་ཚོད་ ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་ནི་མེདཔ་ལས་ དེ་གིས་ སྟབས་མ་བདེཝ་སྦོམ་བཟོཝ་མས་ཟེར་ཨིན་པས།
རྩོད་ཟླ་དེ་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ མཐོ་གཏུགས་འབད་བའི་བསྒང་ལས་ རྫོང་ཁག་དང་ ཡང་ཅིན་ དྲུང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་བཀལ་མི་དེ་ བཙོན་ཁང་ནང་མིན་པར་ ཕྱི་ཁར་བཏང་བཞག་ནི་དེ་གིས་ ཤུལ་ལས་ ལོག་འཛིན་བཟུང་འབད་དགོཔ་ཐོནམ་ད་ མི་ངོ་དེ་ འཚོལ་ཐོབ་པར་ ལཱ་ཁག་གཏངམ་མ་ཚད་ རྩོད་བཤེར་དེ་ཡང་ ཡུན་འགྱངས་ལུས་མི་ལུ་བརྟེན་ གཞུང་ལུ་ སྐུ་གྱོང་སྦོམ་ཕོགཔ་མས་ཟེར་ ལྷན་འཛིན་གྱིས་ དྲང་དཔོན་ཚུ་ལུ་ གསལ་བཤད་ཕུལ་ཡི།
འདི་འབདཝ་ལས་ ཁྲིམས་འདུན་གྱིས་ ལམ་ལུགས་གཅིག་མཚུངས་སྦེ་ ལག་ལེན་འཐབ་པ་ཅིན་ ག་ར་ལུ་ དྲང་བདེན་འགྱོ་བའི་ ཕན་ཁྱད་འོང་ནི་མས་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན་ དྲགོས་གནས་བརྟན་བཟང་མོ་གིས་ གྲོས་འཆར་བཀོད་གནང་ཡི།
ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱི་དྲང་དཔོན་ ཨ་དགཔ་ཕྱག་རྡོར་གྱིས་ རྫོང་ཁག་ཁྲིམས་འདུན་ལས་ ཉེས་ཁྲིམས་བཀལ་ཡོད་རུང་ རྩོད་ཟླ་དེ་ལུ་ ཁེ་རྒུད་མ་བཏུབ་ཅིན་ མཐོ་གཏུགས་འབད་ནི་གི་ ཉིན་གྲངས་༡༠ ཡོདཔ་ལས་ དེ་འཕྲོ་ལས་ བཙོན་ནང་བཙུག་ནི་དེ་ སྟབས་མ་བདེཝ་བཟུམ་སྦེ་ མཐོངམ་མས་ཟེར་ཞུ་ཡི།
མངོན་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ ཚེ་རིང་དབང་ཕྱུག་གིས་ དོགས་སེལ་འབད་མིའི་ནང་ ཉེས་ཅན་དེ་ འཁྲུན་ཆོད་བཏོན་པའི་ ཉིནམ་ལས་ར་ ཁྲིམས་ནང་བཙུག་དགོཔ་མ་ཚད་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པ་ཅིན་ བཙོན་ཁང་ནང་ལས་སྦེ་ མཐོ་གཏུགས་ཞུ་དགོ་ཟེར་ཨིན་པས།
ད་རེས་ནངས་པ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་ཀྱི་འདུན་སར་ ཉེས་བཤེར་འབད་བའི་ཤུལ་ལུ་ མི་མང་གི་ མ་དངུལ་སྒེར་སྤྱོད་དང་ ཡིག་ཆ་རྫུས་བཟོའི་ ཉེས་ཁྲིམས་ཕོག་མི་ ལེ་ཤ་ཡོད་རུང་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མི་ལུ་བརྟེན་ ད་ལྟོ་ ཁྲིམས་ནང་མེདཔ་ཨིན་པས།
ཁ་ཙའི་གྲོས་ཆོད་དང་འཁྲིལ་བ་ཅིན་ ད་ལྟོ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ངན་ལྷད་དང་འབྲེལ་བའི་ ཉེས་འཛུགས་འབད་མི་ཚུ་ ཁྲིམས་འདུན་གྱིས་ ཐེ་ཚོམ་དང་གྲོལ་བའི་ མངོན་རྟགས་འབྱུང་པ་ཅིན་ དབྱེ་རིམ་༤ པའི་ཉེས་ཆེན་ཡན་ཆད་ནང་ཚུད་མི་ ཉེས་ཅན་ཚུ་ དེ་འཕྲོ་ལས་ ཁྲིམས་ནང་བཙུག་ནི་ཨིན་པས།
ད་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་སྐབས་ མི་ངོ་འཛིན་བཟུང་གི་དོན་ལུ་ ཁྱབ་དབང་ཡོད་པའི་ ཁྲིམས་འདུན་གྱི་ དྲང་དཔོན་མེད་པའི་སྐབས་ འཛིན་བཟུང་བཀའ་རྒྱའི་ཡི་གུ་གནང་མི་མེད་པའི་ དཀའ་ངལ་དང་ དོགས་པ་ཅན་དེ་ གནས་སྐབས་ཅིག་ དོ་དམ་འོག་ལུ་ སྡོད་མ་དགོ་པར་ བཏང་མི་དེ་གིས་ཡང་ སྟབས་མ་བདེཝ་བྱུང་པའི་སྐོར་ལས་ཡང་ གྲོས་བསྡུར་འབད་ཡོདཔ་ད་ འཛིན་བཟུང་བཀའ་རྒྱ་གནང་ནིའི་ཐད་ལུ་ དྲང་དཔོན་མེད་པ་ཅིན་ དབང་ཚད་གནང་ཡོད་པའི་ རྩོད་དྲུང་གོངམ་ཅིག་གིས་ བྱིན་ནི་སྦེ་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།
No comments:
Post a Comment