གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐོ་གཏུགས་འབད་མི་ཚུ་ལུ་ ཁྲིམས་ཀྱི་ངོས་ལེན་སྒྲིང་སྒྲིང་འབད་ནི།


ཨ་ལུའི་གསོ་འཐུས་དང་ བུ་ལོན་དང་འབྲེལ་བའི་ མཐོ་གཏུགས་འབད་མི་ཚུ་ལུ་ ཉེས་བྱ་དང་ ཉེས་ཁྲིམས་ཡངས་ཆག་མེད་པར་བཀལ་ནི།

རིག་འཛིན་དབང་ཕྱུག།

སྤྱི་ཟླ་༤ པའི་ཚེས་༢ ལས་༤ ཚུན་འཚོགས་མི་ རྒྱལ་ཡོངས་དྲང་དཔོན་ལྷན་ཚོགས་ཀྱི་ ཞལ་འཛོམས་ཐེངས་༢༠ པའི་གྲོས་ཆོད་ཅིག་ དུས་ཚོད་དགོ་ནི་དང་ རྩ་ཕན་གཞན་ལུ་ སྡུག་སྦྱོང་བྱིན་ནིའི་དོན་ལུ་ མཐོ་གཏུགས་འབད་མི་ཚུ་ལུ་ ཁྲིམས་ཀྱི་ངོས་ལེན་དམ་སྒྲིང་འབད་ནི་དེ་ཨིན་པས།

དེ་ཡང་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ནོར་བ་བྱུང་མི་ལུ་ བཅོ་ཁ་རྐྱབ་ནི་དང་ ཁྲིམས་ཀྱི་གནད་ཁུངས་དང་ གནད་དོན་ཚུ་གི་སྐོར་ལས་ གསལ་ཞུ་འབད་ནིའི་དོན་ལུ་ གོ་སྐབས་གནང་ནི་དེ་ རང་བཞིན་ཁྲིམས་ཀྱི་ ཐོབ་དབང་ཨིནམ་ལས་ མཐོ་གཏུགས་འབད་ནི་དེ་ གོང་ལུ་བཀུར་དགོཔ་ཨིན་རུང་ ད་ལྟོ་ ལག་ལེན་འཐབ་བཞིན་དུ་ཡོད་པའི་ རྩོད་བཤེར་གྱི་ འཐུས་ཚུ་ཡང་ ཡངས་ཆག་མེད་པར་ འཕྲོ་མཐུད་དེ་ར་ བཀལ་ནི་སྦེ་ གྲོས་ཆོད་གྲུབ་ཅི། 
ཁྲིམས་སར་གཏུགས་མི་ རྩོད་ཟླ་དེ་ ཐོག་མའི་ཁྲིམས་འདུན་ དཔེར་ན་ དྲུང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་དང་ ཡང་ཅིན་ རྫོང་ཁག་ལས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབདཝ་ད་ མཐོ་གཏུགས་པ་ལུ་ རྩོད་གཞི་ཕྱེ་བའི་ ཟད་འགྲོ་གནས་པའི་ འཐུས་བཀལ་ནི་མེདཔ་ཨིན་རུང་ ཆེ་མཐོ་ལས་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་བ་ཅིན་ འབའ་བཟུམ་ཅིག་སྦེ་ ལོ་༡ གི་འཐུས་ དངུལ་ཀྲམ་༣༦,༠༠༠ བཙུག་དགོཔ་ཨིན་པས།
གལ་སྲིད་ མངོན་མཐོ་ཁྲིམས་འདུན་ལས་ བསྒྱུར་བཅོས་ག་ནི་ཡང་མེད་པར་ ཆེ་མཐོ་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ གཞི་འཛིན་འབད་བ་ཅིན་ རྩོད་གཞིའི་འཐུས་བཙུགས་མི་དེ་ གཞུང་བཞེས་བཏང་དོ་ཡོདཔ་ད་ འཁྲུན་ཆོད་བསྒྱུར་བཅོས་འགྱོ་བ་ཅིན་ མཐོ་གཏུགས་པ་གིས་ འཐུས་ལོག་ཐོབ་ཨིན་པས།
དེ་འབདཝ་ད་ རྩོད་ཟླ་ལ་ལུ་གིས་ རྩོད་གཞི་དེ་ ཡུན་འགྱངས་སྦེ་ བཞག་ནི་དང་ ཕར་ལོགསམ་ལུ་ དཀའ་སྡུག་བྱིན་ནིའི་དོན་ལུ་ མཐོ་གཏུགས་འབད་བ་ཅིན་ ཉེས་བྱ་གིས་མ་ཚད་པར་ བཙོན་ཁྲིམས་ཡང་ བཀལ་ནི་ཨིན་པས།
འབྲུག་གི་ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ཀྱིས་ དྲང་དཔོན་ཚུ་ལུ་ དྲན་གསལ་གནང་མིའི་ནང་ མཐོ་གཏུགས་ཚུ་གི་ནང་ལས་ དམིགས་བསལ་དུ་ གཉེན་འབྲེལ་དང་ ཨ་ལུའི་གསོ་འཐུས་དང་ བུ་ལོན་སྤྲོད་དགོ་པའི་ རྩོད་གཞི་ཚུ་གི་ཐད་ཁར་ དུས་ཚོད་ཐེབས་དགོ་ནིའི་དོན་ལུ་ མཐོ་གཏུགས་འབད་བ་ཅིན་ ཉེས་བྱ་དང་ ཉེས་ཁྲིམས་དམ་དམ་བཀལ་དགོ་ཟེར་ཨིན་པས།
ཁྲིམས་གཏུགས་པ་ལ་ལུ་ཅིག་གིས་ ཁོང་ རྒྱལ་ཁ་འཐོབ་ནི་གི་ འོས་འབབ་རྩ་ལས་མེད་རུང་ མཐོ་གཏུགས་ཀྱི་ ཐོབ་དབང་ཡོད་མི་ལུ་ གོ་སྐབས་ལེན་ཐོག་ལས་ མཐོ་གཏུགས་འབད་དེ་ གསོ་འཐུས་དང་ བུ་ལོན་སྤྲོད་ནི་ཚུ་ ཡུན་འགྱངས་བཞག་ནི་གི་ ཐབས་ཤེས་བཏོན་མི་ཡང་འདུག་ཟེར་ ཁྲིམས་སྤྱི་བློན་པོ་གིས་ གསུངས་ཡི།
འདི་འབདཝ་ལས་ ཁྲིམས་ཀྱི་རིང་ལུགས་ལུ་ གོང་ལུ་མ་བཀུར་མི་དང་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ཚུ་ལུ་ བརྙས་བཅོས་འབད་བའི་ མངོན་གསལ་བྱུང་པ་ཅིན་ ཉེས་བྱ་དང་ བཙོན་ཁྲིམས་ཐེབས་ཕོག་དགོཔ་བཞིན་དུ་ འདི་བཟུམ་མའི་ ཁྲིམས་ཀྱི་ངོས་ལེན་སྒྲིང་སྒྲིང་མ་འབད་བ་ཅིན་ མཐོ་གཏུགས་འབད་མི་ མང་རབས་ཅིག་ འཐོན་འོང་ཟེར་ བློན་པོ་བསོད་ནམས་སྟོབས་རྒྱས་ཀྱིས་ དྲན་གསལ་གནང་ཡི།
མངོན་མཐོ་ཁྲིམས་འདུན་ གཞི་བཙུགས་མ་འབད་བའི་ ལོ་ངོ་༣ གྱི་ ཧེ་མ་འབད་བ་ཅིན་ ཆེ་མཐོ་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ འབྲུག་མངའ་བདག་རྒྱལ་པོ་མཆོག་ལུ་ མཐོ་གཏུགས་ཞུ་བའི་ཤུལ་ལུ་ བློ་གྲོས་ཚོགས་སྡེ་གིས་ བསྐྱར་ཞིབ་འབདཝ་ད་ བསྒྱུར་བཅོས་མེདཔ་ ཐོན་སོང་པ་ཅིན་ མཐོ་གཏུགས་པ་དེ་གིས་ ཉེས་བྱ་སྤྲོད་དགོཔ་མ་ཚད་ ཁྲིམས་ལུ་ཁྱད་གསོད་དང་ བརྙས་བཅོས་འབད་བའི་བཙོན་ཁྲིམས་ དུས་ཡུན་ཟླཝ་༣ ལས་ ལོ་༣ ཚུན་ བཀལ་ནི་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ རྫོང་ཁག་ཁྲིམས་འདུན་ལས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ རྩོད་གཞི་༢༢༤ མཐོ་གཏུགས་འབད་མིའི་གྲས་ལས་༤༡ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོད་པའི་གནས་ཚུལ།

No comments:

Post a Comment