བཀྲིས་ཕུན་ཚོགས།
༉ རྒྱལ་ཁབ་ཡར་རྒྱས་ཀྱི་ གནས་ཚད་དང་བསྟུན་ རྒྱལ་ས་ལྟེ་བ་ ཐིམ་ཕུ་གི་ཁྲོམ་སྡེའི་ནང་ ལྷན་ཁག་དང་ ལས་སྡེ་ཚུ་གིས་ བཟོ་སྐྲུན་གྱི་ལཱ་ཚུ་དང་ སྒེར་སྡེ་གོང་འཕེལ་གྱི་ལས་རིམ་ དེ་ལས་ མི་མང་འདུ་འཛོམས་ཀྱི་ལྟེ་བ་ཅིག་འབདཝ་ལས་ ཉིནམ་གཅིག་བ་ཉིནམ་གཅིག་ ཆུ་ལག་ལེན་འཐབ་མི་མང་སུ་ཐོན་དོ་ཡོད་མི་ལུ་བརྟེན་ འཐུང་ཆུའི་འཛིན་སྐྱོང་པ་ཚུ་ལུ་ དོ་འགྲན་བྱུང་དོ་ཡོདཔ་ཨིན་པས།
ཐིམ་ཕུ་ཁྲོམ་སྡེའི་ ལྷོ་དང་ནུབ་ཕྱོགས་ཁ་ཐུག་ལུ་ ཆུ་ཐོན་སའི་རྐ་འགོ་ཕ་ཇོ་སྡིངས་དང བསམ་གཏན་གླིང་གི་ས་ཁོངས་༢ ནང་ལས་བརྒྱུད་མི་ཚུ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
ད་རེས་ནངས་པར་ ཐིམ་ཕུ་ཁྲོམ་སྡེའི་ནང་ ་ མི་མང་ཚུ་གིས་ ཉིན་བསྟར་བཞིན་དུ་ ཆུའི་དཀའ་ངལ་ཐོན་དོ་ཡོད་པའི་སྐོར་ལས་ ཐིམ་ཕུ་ཁྲོམ་སྡེ་ལུ་ ཁ་བཏང་དོ་ཡོདཔ་མ་ཚད་ ཆུའི་རྐ་ཚུ་ཡང་ གཅིག་གིས་གཅིག་ལས་ ཨར་རྐུན་འབད་དེ་ ལཱ་བྱ་འདྲ་མིན་སྣ་ཚོགས་འབད་མི་ཐོནམ་ཨིན་པས།
ཁྲོམ་སྡེ་ལས་འཛིན་གྱི་ ཆུའི་འཛིན་སྐྱོང་འགོ་དཔོན་ ནག་འཕེལ་འབྲུག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཐིམ་ཁྲོམ་ནང་ ཆུ་མ་ལང་པའི་དཀའ་ངལ་ཐོན་དོ་ཟེར་སླབ་མི་དེ་ བདེན་ཁུངས་མེད་ཟེར་ཨིནམ་ད་ དེ་ཡང་ འབྲུག་མི་ཚུ་གིས་ དཀའ་ངལ་གཙོ་བོ་ཅིག་ ཆུ་བདག་འཛིན་མ་འབད་བར་ ག་ཐོབ་འབད་ལག་ལེན་འཐབ་མི་དང་ ཆུ་བཀག་དམ་མ་འབད་བར་བཞག་ནི་ ཁྱིམ་ཇོ་བདག་ཚུ་ལུ་ རང་སོའི་ས་ཁོངས་ནང་ ཆུའི་བསགས་མཛོད་མེད་མི་ལུ་བརྟེན་ཏེ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཕུ་ཁྲོམ་གྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ གཞུང་དང་ ལས་འཛིན་ དེ་ལས་ སྒེར་སྡེ་ཚུ་གིས་ ཁྱིམ་བཟོ་སྐྲུན་གྱི་ ལཱ་འབད་སའི་ ས་ཁོངས་གཅིག་ནང་རང་ ལཱ་འབད་མི་ མི་གཅིག་གིས་ ཉིནམ་གཅིག་ནང་ ཆུ་ལི་ཊར་༡༣༥ དེ་རེ་ ལག་ལེན་འཐབ་ཡོདཔ་བཞིན་དུ་ བཟོ་སྐྲུན་དེ་ནང་ ཉུང་ཤོས་མི་༤༠ དེ་ཅིག་ཡོད་མི་གིས་ ཆུ་ལི་ཊར་༥༤༠༠ ལྷགཔ་ཅིག་ལག་ལེན་འཐབ་དོ་ཡོདཔ་ལས་ བཟོ་སྐྲུན་གྱི་དོན་ལུ་ཆུ་ཚད་ལས་བརྒལ་ཏེ་ ལག་ལེན་འཐབ་མས་ཟེར་ཨིན་པས།
འགོ་དཔོན་ལ་ལུ་ཅིག་གིས་འབད་བ་ཅིན་ ཁྱིམ་བཟོ་སྐྲུན་གྱི་ལཱ་འབདཝ་ད་ ས་བརྐོ་འཕྲུལ་ཆས་ཚུ་གིས་ ཆུའི་རྐ་དང་ཆུ་དུང་ཚུ་ ག་ར་མེདཔ་བཏང་དོ་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་ སྙན་ཞུ་འབདཝ་ད་མ་གཏོགས་ཤེས་རྟོགས་མེདཔ་ལས་ གནོད་སྐྱོན་རྐྱབ་མི་ཆུ་དུང་ཚུ་ ལོག་བཟོ་བཅོས་འབདཝ་ད་ དུས་ཡུན་ལེ་ཤ་འགོར་མི་གིས་ བྱ་སྟབས་བདེ་མིན་གྱི་དཀའ་ངལ་ཚུ་ཐོནམ་མས་ཟེར་ཨིན་པས།
ཆུའི་འཛིན་སྐྱོང་འགོ་དཔོན་གྱིས་འབད་བ་ཅིན་ ཕ་ཇོ་སྡིངས་ལས་ཐོན་མིའི་ཆུ་རྐ་དེ་གིས་ མུ་ཏིག་ཐང་སྟོད་སྨད་དང་ ལྕང་སྒང་ཁ་ གཟི་ལུང་ཁ་ ལྕང་ཟམ་ཏོག་ ཆུ་བར་ཆུ་ ལྕང་དགེ་དར་ཕུག་ ཐིམ་ཁྲོམ་ དབྱངས་ཅན་ཕུག་ དེ་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ཚུ་ནང་ བཀྲམ་སྤེལ་འབདཝ་ཨིན་ཟེར་ཨིན་པས།
བསམ་གཏན་གླིང་གི་ཆུ་རྐ་དེ་གིས་ བདེ་ཆེན་ཆོས་གླིང་དང་ རྟ་བབ་ འབྱུང་བཞི་ནང་ པཱམ་མཚོ་ རྒྱ་ཀར་ཀོ་མ་ གླང་ཇོ་ཕར་ཁ་ ཐིམ་ཁྲོམ་ ཚོད་བསྲེ་ཁྲོམ་ ཧེ་འཇུ་ དེ་ལས་ ལྕང་ཇི་ཇིའི་ས་ཁོངས་ཚུ་ནང་ བཀྲམ་སྤེལ་འབད་དོ་ཟེར་ཨིན་པས།
མི་ལ་ལུ་ཅིག་གིས་འབད་བ་ཅིན་ ཧེ་མའི་ཆུ་རྐ་འཛིན་སྐྱོང་ས་ཁོངས་ཚུ་ནང་གི་ ཆུ་ཚུ་སྐམ་འགྱོ་མི་དེ་ གནམ་གཤིས་ཀྱི་གྱུར་བ་ལུ་བརྟེན་ཏེ་ཨིན་ཟེར་ སླབ་མི་དེ་ མི་བདེན་ཟེར་ཨིན་པས། འགོ་དཔོན་ཚུ་གིས་འབད་བ་ཅིན་ ཆུ་སྐམ་མིའི་གནད་དོན་ངོ་མ་དེ་ ས་གནས་ཐདམ་ཐད་ཁ་ལས་ཕར་ ཁྱིམ་བཟོ་སྐྲུན་གྱི་ལཱ་དང་འབྲེལ་བའི་ སྣུམ་འཁོར་ལམ་ དེ་ལས་ ས་རྐོ་རྡོ་སློག་འབད་ནི་དེ་གིས་ཨིནམ་མ་གཏོགས་ རྒྱུ་རྐྱེན་གཞན་མེད་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཆུ་རྐ་ལས་ ཆུ་ཐོན་འགྱོ་ནི་དང་ ཆུ་དུང་ དེ་ལས་ ཆུ་འཛགས་ལུད་འགྱོ་མི་ཚུ་མཐོངམ་ད་ ཁྲོམ་སྡེ་ལུ་ བརྡ་ལན་འབད་ནི་ཡོད་རུང་ ད་རེས་ནངས་པ་ འདི་བཟུམ་གྱི་མཐོང་གསལ་བྱུང་རུང་ ག་གིས་ཡང་ བརྡ་ལན་འབད་མི་བཏུབ་པས་ཟེར་ཨིན་པས།
དཀའ་ངལ་ཚུ་གཞུང་གི་ཡིག་ཚང་དང་ ལས་སྡེ་ ལས་འཛིན་ སྒེར་སྡེའི་ཡིག་ཚང་ཚུ་ནང་ཐོན་རུང་ ཉོགས་བཤད་བཀོད་ནིའི་འགན་འཁྲི་འབག་སྟེ་ འབད་མི་མིན་འདུག་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཆུའི་འཛིན་སྐྱོང་འགོ་དཔོན་གྱིས་ སླབ་མིའི་ནང་ ཐིམ་ཕུ་ཁྲོམ་སྡེ་གིས་ མི་སེར་གྱི་ རེ་འདོད་གྲུབ་ཐབས་དང་ བྱ་སྟབས་མ་བདེཝ་ཚུ་སེལ་ཐབས་ཀྱི་ འཆར་གཞི་དང་སྲིད་བྱུས་ཚུ་བརྩམས་མི་གིས་མ་ཚད་པར་ ཁྲིམས་ལུགས་བཟོ་སྟེ་ མི་སེར་ལུ་ཞབས་ཏོག་ཞུ་མི་དེ་ཡང་ སྤྱི་ལོ་༢༠༠༧ ལུ་ ཆུའི་དཀའ་ངལ་བརྒྱ་ཆ་༢༨ ཡོད་མི་དེ་ སྤྱི་ལོ་༢༠༠༩ ལུ་ བརྒྱ་ཆ་༢༢ ལུ་མར་ཕབ་འབད་ཡི་ཟེར་ཨིན་པས།
དཀའ་ངལ་མར་ཕབ་སོང་མི་དེ་ཡང་ མི་སེར་ལུ་ ལམ་སྟོན་དང་ གོ་བ་བརྡ་སྤྲོད་ ཐབས་ཤེས་གནས་སྐབས་བཏོན་ཐོག་ལས་ ལཱ་འབད་ནི་དེ་གིས་ཨིནམ་ད་ ཁྲོམ་སྡེ་གིས་དཀའ་ངལ་ཚུ་ མར་ཕབ་རྐྱབ་སྟེ་ མི་སེར་གྱི་ཞབས་ཏོག་ག་དེ་དྲག་དྲག་ཞུ་ཚུགསཔ་འབད་ནིའི་དམིགས་གཏད་ཨིན་ཟེར་སླབ་ཨིན་པས།
ད་རེས་ནངས་པ་ཡང་ འཐུང་ཆུའི་དོན་ལུ་ ལས་འགུལ་ཆུང་ཀུ་ཚུ་ རྒྱ་གར་གཞུང་གིས་ རྒྱབ་སྐྱོར་ཐོག་ལས་ ལཱ་ཚུ་འབད་བའི་བསྒང་ར་ཡོདཔ་ལས་ དཀའ་ངལ་ཚུ་རིམ་པ་བཞིན་དུ་འབད་ སེལ་ཚུགས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
No comments:
Post a Comment