གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་ལུའི་གསོ་འཐུས་སྤྲོད་ཐངས་ཚུ་ གཅིག་མཚུངས་བཟོ་ཡོདཔ།


རིག་འཛིན་དབང་ཕྱུག།

ད་ལས་ཕར་ ཁྲིམས་ཀྱི་འདུན་སར་ ཁྲིམས་བཤེར་འབད་ཐོག་ལས་ གཉེན་ཡ་བྲལ་འགྱོ་བའི་ ཨ་ལུའི་གསོ་འཐུས་དེ་ ཁྲིམས་འདུན་ལུ་ རྩོད་གཞི་ཐོ་བཀོད་འབད་བའི་ ཚེས་གྲངས་ལས་ བཟའ་ཟླ་གིས་ སྤྲོད་དགོཔ་མ་ཚད་ ཨ་ལུ་འབྲང་གི་ ཐད་ཁར་ལྷོདཔ་ད་ ཨ་ལུ་སྐྱེས་བའི་ཉིནམ་ལས་ རྩིས་རྐྱབ་སྟེ་ ཨ་པ་གིས་ སྤྲོད་དགོ་མི་དེ་ཡང་ ཨ་ལུ་དེ་ སྐྱེས་མ་གིས་ གསོ་སྐྱོང་འབད་དགོ་ནི་དེ་གིས་ཨིན་པས།

དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཁྲིམས་སྡེའི་ ཞལ་འཛོམས་ཐེངས་༢༠ པའི་ ཉིནམ་དང་པའི་ནང་ དྲང་དཔོན་ཚུ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ ཁྲིམས་འདུན་སོ་སོའི་ནང་ ཨ་ལུའི་གསོ་འཐུས་སྤྲོད་ནི་གི་ འགོ་བཙུགས་ཚེས་གྲངས་འདྲ་མིན་ཡོད་མི་དེ་ གཅིག་མཚུངས་བཟོ་མི་དང་བསྟུན་ཨིནམ་ད་ ཧེ་མ་འབད་བ་ཅིན་ ཕམ་ཡ་བྲལ་སོང་མིའི་ ཨ་ལུའི་གསོ་འཐུས་དེ་ ཁྲིམས་འདུན་ལ་ལུ་གིས་ སྐྱེས་བའི་ཚེས་གྲངས་དང་ ལ་ལུ་གིས་ རྩོད་གཞི་ཐོ་བཀོད་འབད་བའི་ཉིནམ་དང་ ཡང་ཅིན་ བཟའ་ཚང་ཡ་བྲལ་འགྱོ་བའི་ ཡིག་ཐིའུ་སྤྲོད་ལེན་དང་ འཁྲུན་ཆོད་བཏོན་པའི་ ཉིནམ་ལས་འགོ་བཟུང་ སྤྲོད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ནི་ཡོདཔ་ཨིན་པས།
ད་རུང་ གཉེན་ཡ་བྲལ་སོང་མི་ ཨ་ལུའི་ཕམ་དེ་ ཁག་འབག་གི་ ལཱ་འབད་མི་དང་ ཡང་ཅིན་ ཚོང་རྐྱབ་མི་ཅིག་ཨིན་པ་ཅིན་ ཕོ་མོ་གང་རུང་གི་ ལོ་༣ གྱི་འོང་འབབ་ངེས་ཏིག་ དཔེར་ན་ ཚོང་ཁྲལ་གྱི་ འོང་འབབ་རྩིས་ཁྲ་བཙུགས་མི་དང་ ཁེ་སང་ དེ་ལས་ གྱོང་རྒུད་ཕོག་མི་ཚུ་ལུ་ རག་རྩིས་བཏོན་མི་དང་འཁྲིལ་ ཟླ་རིམ་བཞིན་དུ་ ཨ་ལུའི་གསོ་འཐུས་སྤྲོད་དགོཔ་ད་ གལ་སྲིད་ ཕམ་དེ་ ལས་གཡོགཔ་རྐྱབ་མི་ཨིན་པ་ཅིན་ ཨ་ལུའི་གསོ་འཐུས་དེ་ དངུལ་ཕོགས་ལག་པར་ངེས་ཏིག་ཐོབ་མི་ལས་ བརྒྱ་ཆ་༢༠ རེ་རྩིས་རྐྱབ་སྟེ་ སྤྲོད་དགོཔ་བཞིན་དུ་ ཕམ་ཞིང་པ་ཨིན་པ་ཅིན་ རྒྱལ་ཡོངས་ལས་མིའི་ གླ་ཆ་ལུ་ གཞི་བཞག་སྟེ་ སྤྲོད་དགོཔ་ཨིན་པས།
དེ་བཟུམ་མའི་ གྲོས་ཐག་བཅད་མི་དེ་ཡང་ བསམ་རྩེ་རྫོང་ཁག་ཁྲིམས་འདུན་གྱིས་ ཕམ་གཉིས་ཡ་བྲལ་འགྱོཝ་ད་ ཨ་ལུའི་གསོ་འཐུས་དེ་ དངུལ་ཕོགས་ངེས་ཏིག་ལག་པར་ ཐོབ་མི་ལས་དང་ ཡང་ཅིན་ དངུལ་ཕོགས་ཡོངས་བསྡོམས་ལས་ བཏོག་ནི་ཨིན་ན་ དེ་ལས་ ཕམ་ཁག་འབགཔ་དང་ ཡང་ཅིན་ ཚོང་པ་ཨིན་པ་ཅིན་ ཁོང་ལུ་ འོང་འབབ་ཀྱི་ གནས་ཐོ་ཏན་ཏན་མེདཔ་ལས་ ཨ་ལུའི་གསོ་འཐུས་དེ་ རྒྱལ་ཡོངས་ལས་མིའི་ གླ་ཆ་གུ་ གཞི་བཞག་སྟེ་ སྤྲོད་ནི་ཨིན་ན་ཟེར་ གྲོས་འཆར་ཕུལ་མི་དང་འཁྲིལ་ཨིན་པས།
དེ་འབདཝ་ད་ སྐྱིན་འགྲུལ་སྤྲོད་ནི་ཡོད་པ་ཅིན་ དངུལ་ཕོགས་ངེས་ཏིག་ལག་པར་ ཐོབ་མི་གུ་ རྩིས་མི་རྐྱབ་ནི་ཨིནམ་ད་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཅིག་གིས་ སླབ་མིའི་ནང་ བཟའ་ཟླ་གང་རུང་གི་ མིང་ཐོག་ཁར་ཡོད་མི་ སྐྱིན་འགྲུལ་དེ་ རྩིས་རྐྱབ་ནི་མེདཔ་སྦེ་ བཟོ་ཡི་ཟེར་ཨིན་པས།
ཨ་ལུའི་གསོ་འཐུས་དེ་ཡང་ ཨ་ལུ་སྐྱེས་ལོ་༡༨ མ་ལང་ཚུན་ཚོད་ དངུལ་ཕོགས་ངེས་ཏིག་ཐོབ་མི་ལས་ ཟླ་རིམ་བཞིན་དུ་ བརྒྱ་ཆ་༢༠ རེ་དང་ ཨ་ལུ་༢ ལས་ལྷག་སྟེ་ཡོད་པ་ཅིན་ བརྒྱ་ཆ་༤༠ རེ་ སྤྲོད་དགོཔ་ད་ གལ་སྲིད་ འཛོལ་བ་དེ་ སྐྱེས་མ་ལུ་ཡོད་པ་ཅིན་ ཨ་པའི་ཁ་ཐུག་ལས་ ཨ་ལུའི་གསོ་འཐུས་ བརྒྱ་ཆ་༥༠ སྤྲོད་དགོཔ་ཨིན་པས།
དེ་ལས་ གཉེན་ཐམ་མེད་པའི་རིགས་ ཁྲིམས་ཀྱི་འདུན་ས་ལས་ རྩོད་བཤེར་དང་འབྲེལ་བའི་ ནང་འགྲིགས་འབད་ཆོག་པའི་ བཀའ་རྒྱ་གནང་སྲོལ་ཡོད་མི་དེ་ ཁྲིམས་མཐུན་ཡོད་མེད་ཀྱི་ གྲོས་འཆར་ཕུལ་མིའི་ཐད་ལུ་ རྩ་ཕན་གཉིས་ཀྱི་བར་ན་ གྲོས་འཆམ་བྱུང་མིའི་ གན་ཡིག་གུ་ གཞི་བཞག་སྟེ་ ཁྲིམས་འདུན་གྱིས་ ཁྲིམས་མཐུན་གྱི་ གྲོས་ཆོད་བཏོན་ནི་སྦེ་ ཐག་བཅད་ཡོད་པའི་གནས་ཚུལ།

No comments:

Post a Comment