བཀྲིས་ཕུན་ཚོགས།
ལྷག་པ་ སྤྱི་ཟླ་༤ པའི་ཚེས་༣ ། ༉ ཁ་ཙ་ རྫོང་ཁག་༢༠ གི་ མི་སྟོབས་འགོ་དཔོན་ཚུ་གི་ གྲོས་བསྟུན་ཞལ་འཛོམས་མཇུག་བསྡུཝ་དང་འབྲེལ་ འབྲུག་གི་ ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་ཟིན་བྲིས་༢༠༡༢ ཅན་མའི་ནང་ ལེགས་བཅོས་འབད་དགོ་པའི་གྲས་ལས་ གཅིག་ མི་སྟོབས་འགོ་དཔོན་ཚུ་ གཞུང་དོན་ལུ་ གྲོས་བསྟུན་ཞལ་འཛོམས་དང་ ལྟ་སྐོར་ལས་རིམ་ དེ་ལས་ གཞན་གནད་དོན་ཚུ་གི་དོན་ལུ་ ཕར་ཚུར་འགྱོཝ་ད་ གཞུང་འཁོར་མེདཔ་སྦེ་ བཟོ་ནི་དེ་ཨིན་པས།
དེ་ཡང་ མི་སྟོབས་འགོ་དཔོན་ལ་ལུ་ཅིག་གིས་ ཞུ་མིའི་ནང་ གཞུང་དོན་ལུ་ རྫོང་ཁག་ཚུ་ནང་ ལྟ་སྐོར་ལས་རིམ་དང་ གྲོས་བསྟུན་ དེ་ལས་ གནད་དོན་གཞན་གྱི་དོན་ལུ་འགྱོཝ་ད་ གཞུང་འཁོར་བདའ་འགྱོ་ནི་དེ་ བྱ་སྟབས་མ་བདེ་བའི་ དཀའ་ངལ་སྦོམ་འདུག་ཟེར་ཨིན་པས།
ལ་ལུ་ཅིག་གིས་འབད་བ་ཅིན་ གཞུང་འཁོར་དེ་ གཞུང་དོན་ལུ་ཨིན་རུང་ ཚུལ་མིན་གྱི་ཐོག་ལས་ ལཱ་འབད་མི་ཡང་ འོང་སྲིད་ནི་ཨིནམ་མ་ཚད་ སྣུམ་འཁོར་གྱི་ མར་ཁུ་ཡང་ ཚུལ་མིན་འབད་ནིའི་ ཉེན་ཁ་འདུག་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ འགོ་དཔོན་ལ་ལུ་ཅིག་གིས་ ཉིན་འཐུས་ཚད་གཞི་ཅིག་ལས་མེདཔ་ལས་ ཉིན་འཐུས་དེ་གིས་ བཞེས་སྒོ་ཚར་༣ བཟའ་ནི་དང་ ཞག་ཉལ་ནི་ལུ་ ཟད་འགྲོ་གཏང་དགོ་པའི་ཁར་ དེད་གཡོགཔ་ལུ་ཡང་ ཟད་འགྲོ་བཏངམ་ད་ ཏི་རུ་མ་ལང་པའི་དཀའ་ངལ་སྦོམ་བྱུངམ་ལས་ ད་ལས་ཕར་ གཞུང་འཁོར་དེ་ བདའ་ནི་མེདཔ་སྦེ་ ཟིན་བྲིས་ནང་ བཙུགས་དགོ་པའི་སྐོར་ གྲོས་བསྟུན་འབད་ཡི།
དེ་བཞིན་དུ་ ཧེ་མའི་བཅའ་ཁྲིམས་ནང་འབད་བ་ཅིན་ མི་སྟོབས་འགོ་དཔོན་ཚུ་གི་ གོ་གནས་ཡར་སེང་གི་དུས་ཡུན་དེ་ ལོ་༥ ནང་ཚར་རེ་ཨིན་མི་དེ་ དུས་ཡུན་རིང་སོཔ་ལས་ ད་རེས་ཀྱི་ཟིན་བྲིས་ནང་ དུས་ཡུན་ལོ་༤ ནང་ གོ་གནས་ཡར་སེང་གི་དོན་ལུ་ གྲོས་འཆར་བཙུག་དགོཔ་འདུག་ཟེར་ཨིན་པས།
ཟིན་བྲིས་ནང་ མི་སྟོབས་འགོ་དཔོན་དང་ བདག་སྐྱོང་འགོ་དཔོན་ཚུ་གི་ འགན་འཁྲི་དང་ བདག་དབང་ དེ་ལས་ རང་སོའི་ངེས་ཚིག་ཚུ་ དབྱེ་བ་ཁ་གསལ་བཀོད་དགོ་པའི་སྐོར་དང་ མི་སྟོབས་འགོ་དཔོན་ཚུ་གིས་ ཞི་གཡོགཔ་ག་ར་ དབྱེ་ཞིབ་འབད་དེ་ ལམ་སྟོན་དང་ ཡོན་ཏན་ཚུ་བྱིན་ཏེ་ཡོད་རུང་ མི་སྟོབས་འགོ་དཔོན་ཚུ་ ག་གིས་བལྟ་ནི་ཨིན་ན་དང་ ག་དེ་སྦེ་ ལྕོགས་གྲུབ་ཡར་རྒྱས་གཏང་ནི་ཨིན་ན་ ཁ་གསལ་མེདཔ་ལས་ བཀོད་དགོ་པའི་སྐོར་ གྲོས་བསྟུན་འབད་ཡི།
མི་སྟོབས་འགོ་དཔོན་ཚུ་གིས་འབད་བ་ཅིན་ རྩ་བ་༣ ལུ་ ཕྱག་ལེགས་ཤོམ་ཞུ་ནིའི་དོན་ལུ་ མི་སྟོབས་འགོ་དཔོན་མ་ལང་པའི་དཀའ་ངལ་ཡོདཔ་ལས་ ཐེབས་དགོ་པའི་སྐོར་ལས་ཞུ་མི་དང་འབྲེལ་ ཞི་གཡོག་ལྷན་ཚོགས་ལས་ འགོ་དཔོན་ཚུ་གིས་ ད་ལས་ཕར་ རྫོང་ཁག་༢༠ ནང་ མི་སྟོབས་འགོ་དཔོན་ཐེབས་རེ་ གཏང་ནི་ཨིནམ་ལས་ དེ་གིས་ དཀའ་ངལ་བསལ་ཚུགས་ཟེར་ཨིན་པས།
མི་སྟོབས་འགོ་དཔོན་མང་ཆེ་ཤོས་ཅིག་གིས་ ཁོང་གི་གནས་ཚང་ཚུ་ ཨ་ལུ་སྐྱེ་བའི་སྐབས་ གཞུང་ལས་ ཉལ་གསོ་ཉིནམ་༡༠ གནང་དགོཔ་མ་ཚད་ ཨའི་ལུ་ ཉལ་གསོ་ཟླཝ་༣ བཞག་སྲོལ་ཡོད་མི་དེ་གུ་ ཐེབས་ཟླཝ་༡ བཟོ་གནང་པ་ཅིན་ བྱ་སྟབས་བདེ་ནི་མས་ཟེར་ཨིན་པས།
དེ་མ་ཚད་ བུ་ཚབ་གསོ་མིའི་ ཕམ་ལུ་ཡང་ གཞུང་གིས་ ཉལ་གསོ་ཟླཝ་༤ གནང་དགོཔ་འདུག་ཟེར་ཨིན་པས།
གྲོས་འཛོམས་ནང་ སྐུ་མགྲོན་གཙོ་བོ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན་ དྲགོས་གནས་བརྟན་བཟང་མོ་གིས་ རྒྱལ་ཁབ་ནང་ འགན་འཁྲི་དང་ འགན་དབང་སྦོམ་ཤོས་འབག་མི་ཅིག་ མི་སྟོབས་འགོ་དཔོན་ཚུ་ཨིན་ཟེར་ཨིནམ་ད་ མི་སྟོབས་འགོ་དཔོན་ཚུ་གིས་ དང་པ་ར་ རང་དོན་ལུ་མ་བལྟ་བར་ གཞན་དོན་འགྲུབ་ནི་ལུ་ བརྩོན་ཤུགས་བསྐྱེད་དགོ་ཟེར་ཨིནམ་ད་ འགོ་དཔོན་ཚུ་གིས་ ངན་ལྷད་ནང་ཡང་ བཅའ་མར་གཏོགས་ནི་མི་འོང་ཟེར་ཨིན་པས།
རྒྱལ་ཁབ་ནང་ སྤྱི་ལོ་༢༠༡༡ གི་ སྙན་ཞུ་དང་འཁྲིལཝ་ད་ བརྒྱ་ཆ་ལས་བཅད་པ་ཅིན་ བརྒྱ་ཆ་༡༢ ཀྱིས་ ངན་ལྷད་ནང་འབྲེལ་གཏོགས་འབད་དེ་འདུག་ཟེར་ཨིནམ་ད་ གཞུང་འབྲེལ་གྱི་ལཱ་ཚུ་ ག་ཅི་རང་འབད་དགོ་རུང་ འདྲ་མཉམ་དང་དྲང་བདེན་ དེ་ལས་ དྭངས་གསལ་གྱི་སྒོ་ལས་ གཞུང་དང་མི་སེར་ལུ་ ཕྱག་ཕྱིད་ཞུ་དགོ་ཟེར་ སླབ་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་ འཕྲིན་ལས་རྒྱ་མཚོ་གིས་འབད་བ་ཅིན་ ལྷན་ཚོགས་ཀྱི་འགོ་དཔོན་ཚུ་གིས་ གྲོས་བསྟུན་ལོག་འབད་དེ་ ལེགས་བཅོས་འབད་དགོཔ་ཡོད་མི་ཚུ་ འབད་ནི་ཨིན་ཟེར་ བཤད་ཡོད་པའི་གནས་ཚུལ།
No comments:
Post a Comment