དཔེ་མཛོད་ཁང་དེ་ མི་མང་གི་ ངལ་གསོའི་སྐབས་ལུ་དང་ གཟའ་མིག་དམར་ལུ་མ་གཏོགས་
གཞན་ཨ་རྟག་ར་ སྒོ་ཕྱེ་བཞག་ནི་ཨིན་པས།
སློབ་གྲྭའི་དུས་ཚོད་ མཇུག་བསྡུ་བའི་ཤུལ་ལས་ དཔེ་མཛོད་ཀྱི་
མཐུན་རྐྱེན་ཚུ་སྤྱོད་མི་ སློབ་ཕྲུག་ཨ་ལུ་ཚུ།
|
ལྷག་པ་ སྤྱི་ཟླ་༤ པའི་ཚེས་༣ ། ༉ སྤྱི་ཟླ་༤ པའི་ཚེས་༡ ལུ་ གྲོང་གསེབ་ཤེས་ཡོན་དང་གོང་འཕེལ་ལས་སྡེ་གིས་ བཀྲིས་སྒང་ བཀང་ལུང་ལུ་ གཞུང་འབྲེལ་ཐོག་ལས་ ཕུན་སུམ་ཕན་བདེ་མི་བདེའི་དཔེ་མཛོད་ཁང་དང་ ཞིབ་འཚོལ་ལྟེ་བ་ཅིག་ སྒོ་འབྱེད་འབད་མི་དེ་ལུ་ བཀང་ལུང་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་ཨ་ལུ་ཚུ་ སྤྲོ་བ་བྱུང་སྟེ་ཡོདཔ་ཨིན་པས།
དེ་ཡང་ ཁང་མིག་ཆུང་ཀུ་ཅིག་ནང་ གློག་རིག་ལེབ་ཊོབ་༥ གཞི་བཙུགས་འབད་མི་ཚུ་ སློབ་ཕྲུག་ཚུ་གིས་ སྐོར་རྒྱབ་ཐོག་ལས་ སྤྲོ་བ་དང་བཅསཔ་སྦེ་ ལག་ལེན་འཐབ་པའི་ མཐོང་གསལ་བྱུངམ་ཨིན་པས།
ང་བཅས་ཀྱི་གཡུས་ཚན་ནང་ དཔེ་མཛོད་ཁང་གསརཔ་ཅིག་ སྒོ་ཕྱེ་མི་དེ་ལུ་ དགའ་སྤྲོ་སྦོམ་བྱུང་མི་དེ་ཡང་ སློབ་གྲྭ་ནང་ གློག་རིག་ཀམ་པུས་ཊར་གྱི་ གཞི་རྟེན་རིག་རྩལ་ ལྷབ་མི་ཚུ་ ལོག་ལྷབ་ནིའི་ གོ་སྐབས་ཐོབ་ཚུགས་ནི་དེ་གིས་ཨིན་ཟེར་ བཀང་ལུང་འབྲིང་རིམ་སློབ་གྲྭ་གོང་མའི་སློབ་ཕྲུག་ ཤེས་རབ་ཆོས་འཛོམས་ཀྱིས་ སླབ་ཨིན་པས།
བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་གི་ ཁང་མིག་གི་ གཡོན་ཁ་ཐུག་ལུ་ རོང་ཐུང་སློབ་གྲྭ་ཆུང་བ་ལས་ སློབ་རིམ་༤ པའི་སློབ་ཕྲུག་ ཚེ་དབང་ལྷ་མོ་དེ་ སྲུང་དེབ་ཅིག་ ལྷག་སྡོད་སར་ མཐོངམ་ཨིན་པས།
མོ་ར་ སློབ་གྲྭའི་དཔེ་མཛོད་ནང་ལས་ སྲུང་དེབ་ཚུ་ ཁྱིམ་ནང་ འབག་འགྱོ་མ་ཆོག་ནི་དེ་གིས་ མོ་ར་ལུ་ སྲུང་དེབ་དག་པ་ཅིག་ཡོད་མི་དེ་ ཡང་བསྐྱར་དུ་ ལྷག་དོ་ཡོདཔ་ཨིན་པས།
ཚེ་དབང་ལྷ་མོ་གིས་ སླབ་མིའི་ནང་ གཡུས་ཚན་ནང་ དཔེ་མཛོད་ཁང་ཅིག་ སྒོ་ཕྱེ་མི་ལུ་བརྟེན་ ད་ལས་ཕར་ སྲུང་དེབ་ཚུ་ ག་དེ་མང་མང་ ལྷག་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
དཔེ་མཛོད་ཁང་དེ་ནང་ སློབ་ཕྲུག་དང་ རྒས་ཤོས་ཚུ་གི་དོན་ལུ་ འབྲུག་གི་རྒྱལ་རབས་དང་ སྲུང་དེབ་སྣ་ཚོགས་འབད་མི་ དཔེ་དེབ་མ་འདྲཝ་༡,༠༠༠ ལྷགཔ་ཅིག་ ཡོདཔ་མ་ཚད་ གློག་བརྙན་གྱིས་གཙོས་པའི་ མཐོང་ཐོས་ཀྱི་ མཐུན་རྐྱེན་ཚུ་ཡང་ བཙུགས་ཡོདཔ་ཨིན་པས།
དཔེ་གཉེར་སངས་རྒྱས་དབང་ཕྱུག་གིས་ སླབ་མིའི་ནང་ དཔེ་མཛོད་ཁང་དེ་ མི་མང་གི་ ངལ་གསོའི་སྐབས་ལུ་དང་ གཟའ་མིག་དམར་ལུ་མ་གཏོགས་ གཞན་ཨ་རྟག་ར་ སྒོ་ཕྱེ་བཞག་ནི་ཨིན་ཟེར་ཨིན་པས།
ལྟེ་བ་གིས་ ད་རུང་ སྲུང་དེབ་སྣ་ཚོགས་༡,༠༠༠ དེ་ཅིག་ འཐོབ་ནིའི་དོན་ལུ་ སྒུག་སྟེ་ཡོདཔ་མ་ཚད་ ཡུ་ཀེ་རྒྱལ་ཁབ་ལས་ སྦྱིན་བདག་ཅིག་གིས་ མིག་ཞར་ཚུ་གི་དོན་ལུ་ འབུར་ཡིག་སྲུང་དེབ་ ཤོག་སྒྲོམ་དག་པ་ཅིག་ གྲོགས་རམ་བྱིན་ཡོདཔ་ཨིན་པས།
བཀང་ལུང་ལུ་ དེ་བཟུམ་མའི་ ལྟེ་བ་སྒོ་ཕྱེ་མི་དེ་ལུ་ སློབ་ཕྲུག་གི་ཕམ་དང་ ཨ་ལུ་ཚུ་ ཆ་མཉམ་ར་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལས་ཕར་ ཨ་ལུ་ཚུ་གིས་ དུས་ཚོད་འཕྲོ་བརླག་མ་བཏང་པར་ ཡོན་ཏན་ཐེབས་འཐོབ་ཚུགས་ནིའི་ གོ་སྐབས་ཡོད་ནི་དེ་གིས་ཨིན་པས།
རོང་ཐུང་ལས་ སློབ་ཕྲུག་ཅིག་གི་ཨ་པ་ དོན་གྲུབ་ཀྱིས་ སླབ་མིའི་ནང་ ད་རེས་ནངས་པ་ སློབ་ཕྲུག་ཨ་ལུ་ཚུ་ ཆུང་ཀུའི་བསྒང་ལས་ར་ ཨ་ལུ་ཆགས་ནི་དང་ སྨྱོ་རྫས་སྤྱོད་ནི་ དེ་ལས་ འཐབ་འཛིང་ལ་སོགས་པ་ཚུ་ འབད་ནི་དེ་གིས་ ཨ་རྟག་ར་ ཚ་གྱང་ལང་སྟེ་ སྡོད་དགོ་པས་ཟེར་ཨིནམ་ད་ ལྟེ་བ་དེ་གིས་ ཨ་ལུ་ཚུ་ལུ་ ཕན་ཐོགས་ཚུགས་པའི་ རེ་བ་སྦོམ་ཡོད་ཟེར་ཨིན་པས།
བཀང་ལུང་རྒཔོ་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ དཔེ་མཛོད་དང་ བརྡ་དོན་བརྒྱུད་འབྲེལ་ལྟེ་བ་ གཞི་བཙུགས་འབད་མི་དེ་གིས་ སློབ་ཕྲུག་ཨ་ལུ་ཚུ་ལུ་ ངེས་པར་དུ་ ཕན་ཐོགས་ཚུགས་ཟེར་ཨིནམ་ད་ དེ་མ་ཚད་ ཉེ་འདབས་ལུ་ སྣ་ཚོགས་ཚོང་ཁང་སྒོ་ཕྱེ་མི་དེ་གིས་ཡང་ གོང་ཚད་མར་བཅགས་ཐོག་ལས་ ཅ་ཆས་ཚུ་ བཙོང་ནི་ཨིནམ་ལས་ ཁེ་ཕན་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ལྟེ་བ་དེ་ མ་འོངས་པ་ལུ་ མི་སྡེ་དང་ སློབ་ཕྲུག་ཚུ་འཛོམས་སའི་ ས་གོ་ཅིག་སྦེ་ ཡར་དྲག་གཏང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
གྲོང་གསེབ་ཤེས་ཡོན་དང་གོང་འཕེལ་ལས་སྡེ་གིས་ མི་སྡེ་ལུ་ མཐུན་རྐྱེན་ཚུ་ བྱིན་པ་གིས་མ་ཚད་ ཨམ་སྲུ་དང་ ཨ་ལུའི་ལྕོགས་གྲུབ་ ཡར་སེང་འབད་ནིའི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
ལས་རིམ་འགོ་དཔོན་ སྐལ་བཟང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ས་གནས་ཀྱི་ཨམ་སྲུ་༢ ལུ་ དཔེ་གཉེར་གྱི་ ལཱ་གཡོག་སྤྲོད་ཡོདཔ་བཞིན་དུ་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་༣,༠༠༠ རེ་ སྤྲོད་དེ་ཡོད་ཟེར་ཨིན་པས།
སློབ་གྲྭའི་ཨ་ལུ་ཚུ་གིས་མ་ཚད་ ས་གནས་ཀྱི་ མི་ཚུ་གིས་ཡང་ ལྟེ་བ་དེ་ལས་ གློག་རིག་ཀམ་པུས་ཊར་དང་ སྲུང་དེབ་ དེ་ལས་ རྒྱང་མཐོང་ཊི་བི་གི་ མཐུན་རྐྱེན་ཚུ་ ལེགས་ཤོམ་འབད་ སྤྱོད་དོ་ཡོདཔ་ཨིན་པའི་གནས་ཚུལ།
No comments:
Post a Comment